ཟླ10པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཧྥུའུ་ཐེན་ཁང་ཧྥུའུ་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་ད་ལོ་ནི་ཀྲུང་གོ་དང་འཇར་པན་བར་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཞག་ནས་ལོ་ཞེ་ལྔ་འཁོར་བའི་ལོ་ཡིན་ལ། ཀྲུང་གོ་དང་འཇར་པན་འཆམ་མཐུན་མཉམ་གནས་དང་མི་རབས་ནས་མི་རབས་བར་མཛའ་མཐུན་བྱེད་རྒྱུ་ནི། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་གི་ངོས་ནས་བཤད་ནའང་དོན་སྙིང་ཆེན་པོ་ལྡན། རྒྱལ་ཁབ་གཉིས་ཀའི་དམངས་ཁྲོད་ཀྱི་མཛའ་མཐུན་རྨང་གཞི་སྔར་ལས་བརྟན་པ་དང་ཁེ་ཕན་མཉམ་འདྲེས་གཏིང་ཟབ་བྱུང་ཡོད་ཅིང་། ཕྱོགས་གཉིས་ཀས་འབྲེལ་གཏུག་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སྐུ་ཞབས་ཧྥུའུ་ཐེན་ཁང་ཧྥུའུ་དང་འཇར་པན་རིག་གནས་ལས་རིགས་ཀྱི་མཛའ་མཐུན་མི་སྣས། ཀྲུང་གོ་དང་འཇར་པན་གྱི་མི་གཞུང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་གནང་བ་དང་དེའི་ཐད་བྱས་རྗེས་ཆེན་པོ་བཞག་པར་བསྟོད་བསྔགས་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་དམངས་ཁྲོད་ཀྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་ཆེད་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུའི་རེ་ལྟོས་ཡོད་ཅེས་གསུངས།
ཧྥུའུ་ཐེན་ཁང་ཧྥུའུ་ཡིས་འཇར་པན་དང་ཀྲུང་གོའི་མཛའ་མཐུན་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། དངོས་ཡོད་ཁེ་ཕན་གྱི་ངོས་ནས་བཤད་ནའང་འབྲེལ་བ་དམ་ཟབ་ཡོད། མི་གཞུང་རིག་གནས་བརྗེ་རེས་བྱས་པ་ཡིན་ན། གཞི་ནས་རྒྱལ་ཁབ་གཉིས་ཀའི་མང་ཚོགས་བར་ཕན་ཚུན་བསམ་ཤེས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ངེས་ཅན་ཡོད་པས། མཉམ་དུ་འབད་བརྩོན་བྱས་ནས། རིག་གནས་བརྗེ་རེས་དང་བཅས་པའི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།