ཞི་ཅིན་ཕིང་གིས་མགོ་འཛིན་གནང་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས།
2023.10.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ10པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། 《དུས་རབས་གསར་བའི་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ཐད་ཐོད་བརྒལ་གསར་བ་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཕྱོགས་སྐོར་གྱི་བསམ་འཆར་འགའ》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་གནང་།

གྲོས་ཚོགས་ལས་བསྟན་དོན། བྱང་ཤར་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན། བྱང་ཤར་ས་ཁུལ་གྱི་ཐོན་ཁུངས་ཆ་རྐྱེན་ཅུང་བཟང་བ་དང་ཐོན་ལས་ཀྱི་རྨང་གཞི་ཅུང་བརྟན་པ། ས་བབ་ཀྱི་དགེ་མཚན་དམིགས་བསལ་ཡིན་པ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཧ་ཅང་ཆེ་བ་བཅས་ཀྱི་དབང་གིས། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་འཐབ་ཇུས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། ད་ལོ་ནི་བྱང་ཤར་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་ལོ་ཉི་ཤུ་འཁོར་བའི་ལོ་ཡིན་པ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་གཏོང་བའི་ལས་དོན་གྱིས་གོ་སྐབས་གལ་ཆེན་གསར་བར་གདོང་གཏོད་དགོས་ལ། དེ་བསྟུན་གྱི་རྒྱབ་སྐྱོར་སྲིད་ཇུས་ཆ་ཚང་གཏན་འབེབས་བྱས་ཡོད་པས། ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་བྱང་ཤར་གྱི་དགེ་མཚན་ལེགས་པོ་འདོན་སྤེལ་གང་ལེགས་བྱེད་པ། བྱང་ཤར་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་གཏོང་བ་དང་རྒྱུན་མཐུད་ངང་དར་རྒྱས་གཏོང་བའི་བགྲོད་ལམ་གསར་རྐྱང་ཞིག་གི་སྟེང་དུ་བསྐྱོད་ཐུབ་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དུ་དོན་སྙིང་ཆེན་པོ་ལྡན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི“བདེ་འཇགས་ཆེན་པོ་ལྔར”སྲུང་སྐྱོབ་བྱེད་པའི་ཁྲོད་ཀྱི་བྱང་ཤར་གྱི་ལས་འགན་གལ་ཆེན་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པའི་འཐབ་ཇུས་ལས་འགན་ལ་སྟངས་འཛིན་ནན་མོ་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་གང་ལེགས་བྱེད་པ་དང་། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ནང་གནས་སྒུལ་ཤུགས་འཕེལ་བར་བྱ་རྒྱུ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། བྱང་ཤར་གྱི་འཐབ་ཇུས་འདེགས་སྐྱོར་ནུས་པ་སྔར་ལས་ཆེ་རུ་གཏོང་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་དང་། སྲོལ་རྒྱུན་བཟོ་སྐྲུན་ལས་རིགས་ཚུལ་སྒྱུར་རིམ་སྤོར་བྱས་ནས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་མ་འོངས་པར་ཁ་ཕྱོགས་པའི་ཐོན་ལས་གསོ་སྐྱོང་གང་ལེགས་བྱས་ཏེ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་ཇེ་དྲག་ཏུ་གཏོང་དགོས། དེང་རབས་ཅན་གྱི་ཞིང་ལས་ཆེན་པོ་འཕེལ་རྒྱས་སུ་གཏོང་བ་དང་། འབྲུ་རིགས་ཕྱོགས་བསྡུས་སྒོས་ཐོན་སྐྱེད་བྱེད་པའི་ནུས་པ་མངོན་སུམ་གྱིས་ཆེ་རུ་གཏོང་བ། འབྲུ་རིགས་ཐོན་ཚད་བརྟན་པོ་ཡོང་བར་བྱེད་པ་དང་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་བསྣན་ནས། སྔོ་ལྗང་གི་ཁེབས་ཚད་སྔར་ལས་ཆེ་རུ་གཏོང་བ་དང་། ནགས་ཚལ་སྲུང་སྐྱོབ་ནི་རྒྱུ་ནོར་སྲུང་སྐྱོབ་དང་གཅིག་འདྲ་ཡིན་པའི་འདུ་ཤེས་བཅངས་ནས། ནགས་ཚལ་དཔལ་འབྱོར་དང་གངས་འཁྱགས་དཔལ་འབྱོར་འཕེལ་རྒྱས་གང་ལེགས་བཏང་སྟེ། བྱང་ཕྱོགས་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་སྲུང་བྱེད་དགོས། རླུང་གློག་དང་ཉི་འོད་ནུས་པ། ཉིང་རྡུལ་གློག་སོགས་ནུས་ཁུངས་གཙང་མ་འཕེལ་རྒྱས་གང་མགྱོགས་གཏོང་རྒྱུ་དང་། རླུང་གློག་དང་ཉི་འོད་ནུས་པ། ཉིང་རྡུལ་གློག་བཅས་གཞི་གཅིག་ཅན་གྱི་ནུས་ཁུངས་རྟེན་གཞི་འཛུགས་སྐྲུན་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཆར་འགོད་དང་དེའི་བཀོད་སྒྲིག་དང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གང་ལེགས་བཏང་ནས། མཐའ་དར་དམངས་ཕྱུག་དང་མཐའ་བརྟན་ཡང་བརྟན་ཡོང་བར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། བྱང་ཤར་གྱི་མཐོ་རིམ་སློབ་གྲྭའི་སློབ་སྒྲུབ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། མི་གྲངས་སྤྱིའི་བྱང་ཚད་མཐོ་རུ་གཏོང་བ། མི་གྲངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་བྱང་ཤར་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་བྱེད་དགོས།

གྲོས་ཚོགས་ལས་བླང་བྱ་བཏོན་དོན། ཏང་གི་མགོ་ཁྲིད་འདི་ཉིད་དུས་རབས་གསར་བར་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཚང་མ། ལྷུ་ཚིགས་སོ་སོ་བཅས་སུ་ཁྱབ་པར་བྱས་ཏེ། བྱང་ཤར་ས་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཆབ་སྲིད་ཀྱི་སྐྱེ་ཁམས་སྔར་ལས་ཇེ་ལེགས་སུ་གཏོང་བ། སྲོལ་གསར་སྤྱོད་བཟང་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཡིད་ཆེས་འཕེལ་བར་བྱེད་པ་བཅས་ལ་འབད་དགོས། བྱང་ཤར་གྱི་ཞིང་ཆེན་གསུམ་དང་ནང་སོག་རང་སྐྱོང་ལྗོངས་ཀྱིས་རང་བདག་འགན་འཁྲི་ཏན་ཏིག་ངང་འཁུར་བ་དང་། ཐུན་མོང་རང་བཞིན་གྱི་ལས་འགན་དོན་འཁྱོལ་བྱེད་པའི་དམ་འཛིན་ལེགས་པོ་བྱེད་དགོས་པའི་དུས་མཚུངས་སུ། ཐུན་མིན་རང་བཞིན་གྱི་དགེ་མཚན་ཡང་འདོན་སྤེལ་གང་ལེགས་བྱེད་དགོས། འབྲེལ་ཡོད་ཕྱོགས་ཀྱིས་དམིགས་འབེན་རང་བཞིན་ཆེན་པོ་ལྡན་པའི་རྒྱབ་སྐྱོར་སྲིད་ཇུས་བཟོས་ནས་དངོས་སུ་འདོན་རྒྱུ་དང་། མཐུན་སྦྱོར་ཞབས་ཞུ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ། དུས་ཐོག་ཏུ་གནས་ཚུལ་གསར་བར་རྗེས་འདེད་ཞིབ་འཇུག་བྱས་ནས་གནད་དོན་གསར་བ་ཐག་གཅོད་བྱེད་པ། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ཐད་ཐོད་བརྒལ་གསར་བ་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།