ཟླ10པའི་ཚེས27ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། དུས་ཚིགས་སྔོན་མ་གསུམ་གྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་ཉན་པ་དང་། གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་ཁུལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཆེའུ། རྩྭ་ས། བྱེ་དར་གཞི་གཅིག་ཅན་དུ་སྲུང་སྐྱོབ་བྱེད་པ་དང་མ་ལག་བཅོས་སྐྱོང་དམ་འཛིན་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་འབྲི་ཆུའི་འགོ་ཁུངས་སྲུང་སྐྱོབ་བཟང་བོ་བྱེད་དགོས། མཚོ་སྔོན་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་བཞག་སྟེ་ཇུས་འགོད་བྱེད་པ་དང་། རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་བ། ཁུལ་ཁོངས་མཉམ་ལས་མཉམ་འདྲེས་ལ་ཤུགས་བསྣན་ནས། སྟོད་རྒྱུད་ས་ཁུལ་དང་དབུས་སྨད་རྒྱུད་ས་ཁུལ་གྱི་ནུས་ཁུངས་མཉམ་ལས་གཏིང་ཟབ་སྒོས་སྤེལ་དགོས། འབྲི་ཆུའི་རིག་གནས་ཀྱི་དུས་རབས་རིན་ཐང་སྔོག་འདོན་ཟབ་མོ་བྱས་ཏེ། རིག་གནས་ཡུལ་སྐོར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་ཟུང་འབྲེལ་བྱས་ནས། མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཞི་རུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་བཏོན་པའི་གནད་དོན་གཙོ་བོ་ཐག་གཅོད་བཟང་བོ་བྱེད་དགོས། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་དགོས། རང་འགུལ་གྱིས་ཕྱི་ནང་གཉིས་ལ་སྒོ་འབྱེད་བྱས་ཏེ། མཉམ་ལས་གྲོས་མཐུན་ནང་གྲོས་ཐག་ཆོད་པའི་དོན་བྱ་རབ་དང་རིམ་པ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དེ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་འགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་བརྗོད་དོན་གསུང་བཤད་ཀྱིས། རྒྱུད་གཅིག་ལམ་གཅིག་གྲོས་གཞི་བཏོན་པའི་ཚུན་གྱི་ལོ་བཅུའི་རིང་བླངས་པའི་གྲུབ་འབྲས་ཆེན་པོར་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། སྤུས་ཚད་མཐོ་བའི་ངང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་འགུལ་སྐྱོད་བརྒྱད་གསལ་བོར་བཏོན་ནས། ཕྱོགས་སོ་སོས་སྤུས་ཚད་མཐོ་བའི་ངང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་ཆེད་ཡིད་ཆེས་དང་སྟོབས་ཤུགས་གཅིག་བསྡུས་བྱས་པ་དང་། མཚོ་སྔོན་རྒྱལ་ཁབ་འཐབ་ཇུས་ཀྱི་ཁྲོད་འདྲེས་པར་བྱེད་པའི་ཐད་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས། དུས་རབས་གསར་བར་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་དོན་སྙིང་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། རང་སྟེང་གི་དགེ་མཚན་འདོན་སྤེལ་བྱས་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་ཟབ་ཞུགས་བྱེད་པ། སྒོ་འབྱེད་ཀྱི་ལམ་བུ་གེགས་མེད་ཡོང་བར་བྱེད་པ། ཕྱི་འཚོང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་དཔལ་འབྱོར་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ། སྒོ་འབྱེད་སྟེགས་བུའི་ཐེག་ཚད་མཐོར་འདེགས་གཏོང་བ། མི་གཞུང་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མཚོ་སྔོན་གྱི་ཕྱི་ཕྱོགས་སྒོ་འབྱེད་ཆུ་ཚད་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་གསར་བའི་ཁོངས་མི་དང་ཐུན་མོང་གླེང་མོལ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱིས། རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བཟོ་ཚོགས་བྱ་བའི་ཐད་རེ་བ་གསལ་བོ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་རྒྱུན་མཐུད་ངང་ལག་བསྟར་བྱེད་པ། ཏང་གི་བཟོ་ཚོགས་ཐད་ཀྱི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ། བཟོ་ཚོགས་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་དགོས། རང་ཞིང་གི་བཟོ་ཚོགས་ཀྱི་སྐབས་བརྗེ་དེ་འགོ་ཚུགས་ས་གསར་བ་རུ་བྱེད་པ་དང་། ཀྲུང་གོ་བཟོ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཞིང་ཆེན་བཟོ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་བཀོད་སྒྲིག་ལྟར། བློ་སེམས་རྩེ་གཅིག་གིས་ལས་བཟོ་པ་དང་མང་ཚོགས་ལ་དོན་དངོས་བསྒྲུབ་པ་དང་དོན་བཟང་བསྒྲུབ་པ། དཀའ་གནད་ཐག་གཅོད་དགོས། བཟོ་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྦྲེལ་ཐག་གི་ནུས་པ་བཟང་བོར་བཏོན་ཏེ། ལས་བཟོ་པ་ས་ཡ་གཅིག་ལྷག་མཐུན་སྒྲིལ་གཅིག་བསྡུས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར་ཞུགས་དགོས།
ཚོགས་ཐོག་ནས་བསྟན་དོན། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་ཐད་ནས་ཐོག་མའི་གྲུབ་འབྲས་བླངས་པའི་རྨང་གཞིའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྒྱུན་མཐུད་ངང་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། བརྗོད་དོན་སློབ་གསོ་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། རིག་གཞུང་སློབ་སྦྱོང་སྟེང་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་འབུར་དུ་ཐོན་པར་བྱེད་པ། བརྟག་དཔྱད་ཞིབ་འཇུག་སྟེང་རིགས་སོ་སོའི་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་དང་ཉེ་བར་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེང་ལོ་ཧྲིལ་བོའི་དམིགས་འབེན་གཙོར་བཟུང་ནས་དུས་ཚིགས་བཞི་པར་མཆོང་རྒྱུག་བྱེད་པ། དག་ཐེར་ལེགས་བཅོས་ལ་ལྟ་ཞིབ་བྱེད་པའི་སྟེང་སྤྱོད་ཚུལ་བཅོས་སྐྱོང་དང་ཟུང་འབྲེལ་བྱས་ནས་འབེན་ཕྱོགས་ཤུགས་འདོན་བྱས་ཏེ། མང་ཚོགས་ཀྱི་འདོད་བློ་དང་ཐོབ་ཚོར་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་ཚད་ལེན་བྱས།
ཚོགས་ཐོག་ནས། ད་ལོར། ཞིང་ཆེན་གོང་འོག་ཡོངས་ཀྱི་ལས་སྒྲུབ་ལས་སྐྲུན་གྱི་སྤོབས་པ་ཆེར་བསྐྱེད་པ་དང་། ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བོ་བྱེད་པ། རང་གཅུན་ནན་མོ་བྱེད་པའི་སྣང་ཚུལ་ཇེ་བཟང་དུ་སོང་ལ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་བརྟན་འཇགས་ཡིན་པའི་རྨང་གཞིའི་སྟེང་སྲ་བརྟན་དུ་གྱུར་བ་དང་། སྤུས་ཚད་ཇེ་བཟང་དུ་སོང་བ་དང་ཚད་ཇེ་མགྱོགས་སུ་སོང་ལ། འཕེལ་རྒྱས་ཀྱི་གནས་བབ་ཧ་ལམ་སྔོན་དཔག་དང་མཐུན།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དུས་ཚིགས་བཞི་པའི་བྱ་བ་བཟང་བོ་སྒྲུབ་རྒྱུ་ཧ་ཅང་གལ་ཆེ་བ་དང་། མིག་སྔའི་དཔལ་འབྱོར་གནས་བབ་ལ་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་རྒྱུས་ལོན་བྱེད་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ། ཐོན་ལས་ཀྱི་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱས་ནས། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། གྲུབ་འབྲས་སྔར་ལས་བཟང་བོ་བརྩོན་ལེན་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་དང་། ས་གནས་ཀྱི་བུ་ལོན་ཐག་བཅད་དེ། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། ནུས་ཟད་དམིགས་ཚད་དང་ལས་ཞུགས་ཡོང་འཕར། མཁོ་འདོན་འགན་སྲུང་དང་དངོས་གོང་གཏན་འཇགས་སོགས་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། ཞིང་པ་ཞོར་ལས་པའི་གླ་ཕོགས་དང་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བའི་འགན་སྲུང་། གནོད་སྐྱོབ་གནོད་འགོག བདེ་འཇགས་ཐོན་སྐྱེད་སོགས་ཁྱབ་ཁོངས་ལ་དམ་དུ་དམིགས་ནས། ཡིད་ཆེས་བརྟན་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་བཀོད་པའི་རླབས་ཆེན་འཆར་འགོད་དེ་མཛེས་སྡུག་གི་མངོན་སུམ་དུ་འགྱུར་བར་བྱེད་དགོས།
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།