ལིས་ཆང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་དང་གྲོས་མོལ་གནང་།
2023.11.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཟླ11པའི་ཚེས7ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དང་གྲོས་མོལ་གནང་།

ཟླ11པའི་ཚེས7ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི་དང་གྲོས་མོལ་གནང་། འདི་ནི་ལིས་ཆང་གིས་གྲོས་མོལ་མ་བྱས་པའི་སྔོན་ལ། མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། ཨར་པ་ཉི་སི་ལ་དགའ་བསུ་ཞུ་བའི་རྣམ་པ་རེད།

ལིས་ཆང་གིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་མཉམ་ལས་ལ་སྦསཤུགས་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ། དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་འཇོག་དང་ཁྲོམ་རའི་རྩ་དོན་རྒྱུན་འཁྱོངས། ནུས་ཁུངས་དང་གཏེར་ཁ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། ལྗང་མདོག་འཕེལ་རྒྱས་དང་གཞི་གྲངས་དཔལ་འབྱོར། ཚན་རྩལ་གསར་གཏོད། བདེ་ཐང་ཐོན་ལས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་བཏང་ནས། དཔལ་འབྱོར་ཚོང་དོན་གྱི་གནད་དོན་དེ་ཆབ་སྲིད་ཅན་དང་བདེ་འཇགས་མིན་པ་ཅན་དུ་མི་འགྱུར་བར་བྱས་ནས། གཉིས་ཕན་འཕེལ་རྒྱས་ཡོང་བར་བྱེད་པ་དང་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ། སློབ་གསོ་དང་རིག་གནས། འགྲིམ་འགྲུལ། ས་གནས། ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་ཀའི་མི་སྣ་འགྲོ་འོང་ལ་སྔར་ལས་སྟབས་བདེ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་མི་སེམས་ཀྱི་གཏིང་ཟབ་ས་རུ་སིམ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཨར་པ་ཉི་སི་ཡིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། ཀྲུང་གོའི་བར་དུ་ཕན་ཚུན་རྒྱུས་ལོན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཚོང་དོན་དང་དངུལ་གཏོང་། ཚན་རྩལ། མི་གཞུང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འབྲེལ་གཏུག་དང་གྲོས་མོལ་བྱས་པ་བརྒྱུད་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ། གནམ་གཤིས་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས། རྒྱལ་མཚམས་བརྒལ་ཞིང་རྩ་འཛུགས་ཡོད་པའི་ནག་ཉེས་བཟོ་བ་སོགས་ཀྱི་འཛམ་གླིང་ཧྲིལ་བོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་བ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྲུང་སྐྱོབ་བྱེད་པ། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་དགེ་མཚན་ལྡན་པ་དང་བརྟན་པོ། འཛུགས་སྐྲུན་རང་བཞིན་བཅས་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ལིས་ཆང་གིས་གྲོས་མོལ་མ་བྱས་པའི་སྔོན་ལ། མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ། ཨར་པ་ཉི་སི་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།