ཚའེ་ཆི་ཡིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུའི་སྟེང་གསུངས་བཤད་གནང་།
2023.11.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 36

ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་ཚེས6ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དུས་རབས་གསར་བའི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་བ་གཏོད་པ་བཅས་བྱས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། དགེ་མཚན་ལྡན་པའི་རིག་གནས་ཆ་རྐྱེན་བཅས་མཁོ་འདོན་བྱེད་དགོས་ཞེས་ནན་གྱིས་གསུངས།

ཚའེ་ཆི་ཡིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་གྲུབ་པ་དང་། རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་ལ། དུས་རབས་གསར་བའི་ཏང་གིས་རིག་གནས་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པའི་ལག་ལེན་ཉམས་མྱོང་གི་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་སྡོམ་ཞིག་ཀྱང་ཡིན། དགོངས་པ་གལ་ཆེན་འདིས་དུས་རབས་གསར་བའི་རང་རྒྱལ་གྱི་རིག་གནས་འཛུགས་སྐྲུན་ཐད་དར་ཆ་གང་འདྲ་ཞིག་སྒྲེང་བ་དང་། ལམ་བུ་གང་འདྲ་ཞིག་ཏུ་བསྐྱོད་པ། རྩ་དོན་གང་འདྲ་ཞིག་མཐའ་འཁྱོངས་བྱེད་པ། དམིགས་ཚད་གང་འདྲ་ཞིག་མངོན་འགྱུར་བྱེད་པ་སོགས་ཀྱི་རྩ་བའི་གནད་དོན་ལ་ལན་ཟབ་མོ་བཏབ་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རིག་གནས་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་སྟེ་དུས་རབས་གསར་བ་དང་རྒྱང་སྐྱོད་ལམ་བུ་གསར་བའི་བསམ་བློ་རིག་གནས་བྱ་བ་ཡག་པོར་སྒྲུབ་པ་དང་། རིག་གནས་ཀྱི་ལས་འགན་གསར་བ་ཕྲག་ཏུ་འཁུར་ཆེད་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ནས་མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསརབ་གཏོད་པ་དང་འཛམ་གླིང་གི་དཔལ་ཡོན་འཕེལ་རྒྱས་དང་ཡར་རྒྱས་ལ་ཁྲིད་སྟོན་བྱ་ཆེད་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་གསུངས།

ཚའེ་ཆི་ཡིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་རྒྱ་ཆེ་ཞིང་། དེར་གཏིང་ཟབ་པའི་ལྟ་བ་དང་འཐབ་ཇུས་ཀྱི་འཆར་འགོད། ཚན་རིག་དང་མཐུན་པའི་བཀོད་སྒྲིག་བཅས་ཡོད་པར་མ་ཟད། ད་དུང་ང་ཚོར་ཡང་དག་པའི་ལངས་ཕྱོགས་དང་སྤྱོད་གོ་ཆོད་པའི་བྱེད་ཐབས་ཀྱང་བསླབས་ཡོད་པས། ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་དགོས་ཏེ། དེའི་ཁྲོད་ཀྱི་གོ་དོན་དང་བཤད་སྟངས་གལ་ཆེན་ལ་གོ་བ་ཡང་དག་ལེན་དགོས་ལ། མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་ཁོང་དུ་ཆུད་པར་ཤུགས་སྣོན་དགོས། གཞི་རྩའི་དགོངས་དོན་ཁོང་དུ་ཆུད་པར་བྱེད་པ་དང་། ལྟེ་བའི་དོན་སྙིང་ལ་གོ་བ་ལེན་པ། ལག་ལེན་གྱི་བླང་བྱ་ཁ་གསལ་བཟོ་བ་བཅས་བྱས་ཏེ། སློབ་སྦྱོང་ལ་གོ་རྟོགས་ཡོད་པ་དང་། གོ་དོན་མཐིལ་རྟོགས་ཡོང་བར་བྱེད་དགོས། དགོངས་པ་གལ་ཆེན་འདིར་གཏོགས་པའི་གསར་གཏོད་ཀྱི་ལྟ་བ་གལ་ཆེན་དང་། ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བ། རིག་གནས་འཛུགས་སྐྲུན་སྐོར་གྱི་འཐབ་ཇུས་ཀྱི་བཀོད་སྒྲིག་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས་ཤིང་། དགོངས་པ་གལ་ཆེན་འདི་ནི་རྒྱུན་ཆད་མེད་པར་སྤེལ་བ་དང་། སྒོ་འབྱེད་ཡིན་པ། ཚན་རིག་དང་མཐུན་པའི་དགོངས་པའི་མ་ལག་ཅིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། ལག་ལེན་དང་བསྟུན་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་འགྲོ་ངེས་པར་གོ་བ་ཟབ་མོ་ལེན་དགོས་ཞེས་གསུངས།

ཚའེ་ཆི་ཡིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པར་སློབ་སྦྱོང་ལ་མཐོང་ཆེན་བྱེད་དགོས་ལ། ལག་ལེན་ལ་ཡང་མཐོང་ཆེན་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་རྒྱུར་ཤུགས་སྣོན་པ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཇེ་ཆེར་གཏོང་རྒྱུར་ཤུགས་སྣོན་པ། བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་པ། རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་པ། རྒྱལ་སྤྱིའི་བརྒྱུད་བསྒྲགས་ཀྱི་ཕན་འབྲས་ཇེ་ཆེར་གཏོང་རྒྱུར་ཤུགས་སྣོན་པ། འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་རྒྱུར་ཤུགས་སྣོན་པ། དགོངས་པ་གལ་ཆེན་དེ་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་ཏན་ཏིག་བཅས་བྱེད་དགོས། བསམ་བློ་རིག་གནས་དྲིལ་བསྒྲགས་ཀྱི་འཐབ་ཕྱོགས་སུ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ཞིབ་འགྲེལ། གསལ་འགྲེལ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་དང་གསོ་སྦྱོང་དམ་འཛིན་ཡག་པོ་བྱེད་པ་དང་། རིགས་པའི་གཞུང་ལུགས་ཞིབ་འཇུག་རྩ་འཛུགས་བྱས་ནས་སྤེལ་བ། དྲིལ་བསྒྲགས་དང་འཆད་འགྲེལ་ལ་མུ་མཐུད་དུ་ཤུགས་སྣོན་པ་བཅས་བྱས་ཏེ་རྒྱུན་ཆད་མེད་པར་ཁྲིད་སྟོན་གཏིང་ཟབ་བྱ་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་ཚོགས་འདུར་འགོ་འཛིན་བྱས། རྒྱལ་དོན་ཨུ་ཡོན་ཧྲིན་དབྱི་ཆིན་ཚོགས་འདུར་ཞུགས།

རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་དང་། ཞིན་ཧྭ་གསར་འགྱུར་ཁང་། ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ། ཀོང་ཏུང་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་བསྒྲགས་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་ཆེད་མཁས་པ་ཁ་ཤས་ཀྱི་འཐུས་ཚབ་པས་གཏམ་བཤད་གནང་། ཀྲུང་དབྱང་གི་དྲིལ་བསྒྲགས་རིག་གནས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ། བསམ་བློ་རིག་གནས་ལས་རིགས་ཀྱི་འབྲེལ་ཡོད་ཆེད་མཁས་པ་སོགས་ཚོགས་འདུར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།