རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས6ཉིན་པེ་ཅིང་དུ་ཨིར་ལན་གྱི་ཙུང་ལི་གཞོན་པའི་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་མཱ་ཏེན་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་དང་སྐུལ་འདེད་འོག་ཏུ། ཀྲུང་གོ་དང་ཨིར་ལན་གཉིས་ཀ་ལོ་རྒྱུས་རིག་གནས་མི་འདྲ་བ་དང་ཆབ་སྲིད་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་བར་མཛའ་མཐུན་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོ་དང་ཨིར་ལན་གྱི་འབྲེལ་བའི་འཕེལ་རྒྱས་ལ་གཏིང་ཟབ་པའི་རྨང་གཞི་དང་ཆ་རྐྱེན་བཟང་བོ་ཡོད། སང་ལོ་ནི་ཀྲུང་གོ་དང་ཨིར་ལན་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་འཁོར་བའི་ལོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀས་རྒྱུན་ཆད་མེད་པར་ཕན་ཚུན་གྱི་ཆབ་སྲིད་ཡིད་རྟོན་སྲ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་ཀྱི་སྦས་ཤུགས་སྔོན་འདོན་བྱེད་པ། མཛའ་མཐུན་དམངས་བློའི་རྨང་གཞི་གསོ་སྐྱོང་བྱས་ཏེ་ཀྲུང་གོ་དང་ཨིར་ལན་གྱི་གཉིས་ཕན་འཐབ་ཇུས་གྲོགས་པོའི་འབྲེལ་བར་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་དགོས། ཨིར་ལན་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་དང་ཨིར་ལན་གྱི་འབྲེལ་བ་ནི་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཨིན་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་རྒྱུའི་རེ་བ་བཅངས་ཡོད།
མཱ་ཏེན་གྱིས་བསྟན་དོན། ཨིར་ལན་དང་ཀྲུང་གོ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ཟབ་པ་དང་། ཉེ་བའི་ལོ་འགའི་རིང་ལ་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཇེ་ཆེར་སོང་ཡོད། ཨིར་ལན་ཕྱོགས་ཀྱིས་སང་ལོར་ཨིར་ལན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་འཁོར་བ་གོ་སྐབས་སུ་བྱས་ཏེ་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་ལ་ཤུགས་སྣོན་པ་དང་ཡོ་རོབ་གླིང་དང་ཀྲུང་གོའི་མཉམ་ལས་ལ་མཉམ་དུ་ཡར་སྐུལ་བཏང་སྟེ་ཨིར་ལན་དང་ཀྲུང་གོ་དང་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།