ཁྲིན་ཀང་གིས་དབྱི་ལིང་གི་ཨ་ཨར་ཏཱ་པུས་ལེ་ཞིང་ཆེན་གྱི་ཧྲིན་ཀྲང་སོགས་ལ་ཐུག་འཕྲད་བྱས།
2023.11.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ11པའི་ཚེས8ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཟི་ལིང་ནས་དབྱི་ལིང་གི་ཨ་ཨར་ཏཱ་པུས་ལེ་ཞིང་ཆེན་གྱི་ཧྲིན་ཀྲང་ཨ་མཱེ་ལེ་སོགས་ལ་ཐུག་འཕྲད་བྱས།

ཁྲིན་ཀང་གིས་ཨ་མཱེ་ལེ་སོགས་མཚོ་སྔོན་དུ་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་མདོར་བསྡུས་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། ཀྲུང་གོ་དང་དབྱི་ལིང་ནི་མཛའ་མཐུན་གྱི་གྲོགས་པོ་དང་སྤུན་ཟླ་ཡིན། ད་ལོའི་ཟླ་བདུན་པར། ངས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་ནས་གདན་ཞུས་ལྟར་དབྱི་ལིང་དུ་འཚམས་འདྲི་བྱས་པར་མ་ཟད། ཧྲིན་ཀྲང་ཨ་མཱེ་ལེ་དང་བསམ་བློ་བརྗེ་རེས་ཟབ་མོ་བྱས། ཐེངས་འདིར་ཧྲིན་ཀྲང་ཨ་མཱེ་ལེ་སོགས་མཚོ་སྔོན་དུ་འཚམས་འདྲིར་ཡོང་བ་ལས། ཕྱོགས་གཉིས་ཀྱི་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་འགྲོ་སྲིད། མིག་སྔར་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་གཙོར་འཛིན་དང་ལྷད་མེད་འཕེལ་རྒྱས་ཀྱི་ལམ་དུ་བགྲོད་བཞིན་ཡོད་ལ། ཁྱད་པར་དུ་མཚོ་སྔོན་གྱི་ཚྭ་མཚོ་དང་དག་གཙང་ནུས་ཁུངས། སྐྱེ་ཁམས་གནས་སྐོར། ལྷད་མེད་སྐྱེ་ལྡན་ཕྱུགས་ལས་སོགས་ཁྱད་ལྡན་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་འབྱུང་བཞིན་ཡོད། ང་ཚོས་ཨ་ཨར་ཏཱ་པུས་ལེ་ཞིང་ཆེན་དང་མཉམ་དུ། ས་ཁུལ་གཉིས་ཀྱིས་དངོས་གཉེར་མཉམ་ལས་སྤེལ་བར་ཡར་སྐུལ་བྱས་ནས། མཉམ་དུ་ཕྱོགས་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བར་འཕེལ་རིམ་ལེགས་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨ་མཱེ་ལེ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྣེ་ལེན་གཟབ་རྒྱས་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། དབྱི་ལིང་དང་ཀྲུང་གོའི་བར་འགྲོ་འོང་གི་ལོ་རྒྱུས་རིང་ཞིང་། ཨ་ཨར་ཏཱ་པུས་ལེ་དང་མཚོ་སྔོན་གྱི་རི་ཆུའི་རྣམ་པ་འདྲ་ལ་ནམ་ཟླ་ཡང་གཅིག་འདྲ་ཡིན་པར་མ་ཟད། གནའ་བོའི་དར་གོས་ཚོང་ལམ་གྱི་འགྲམ་རྒྱུད་དུ་ཡོད་པས། ཕྱོགས་གཉིས་བར་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་ཞིང་ལས་དང་དག་གཙང་ནུས་ཁུངས་ཐོན་ལས། གནས་སྐོར་ལས་རིགས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་དང་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་ལ་ཤུགས་སྣོན་རྒྱུའི་རེ་བ་ཡོད་ལ། ཨ་ཨར་ཏཱ་པུས་ལེ་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་གྱི་ཁེ་ལས་དངུལ་གཏོང་ཐད་སྟབས་བདེའི་ཆ་རྐྱེན་དང་ཚོང་གཉེར་ཁོར་ཡུག་བཟང་བོ་འདོན་སྤྲོད་བྱ་རྒྱུ་ཡིན་ཟེར།

ཞིང་ཆེན་གྱི་མགོ་ཁྲིད་པ་ཀྲུའུ་ཞང་ཧྥུན་དང་ཧི་ལུའུ་ཁྲུན་ཐུག་འཕྲད་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།