ཟླ11པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་སིང་ག་ཕོར་དུ་སྤེལ་བའི་གསར་གཏོད་དཔལ་འབྱོར་གླེང་སྟེགས་སྐབས་དྲུག་པའི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཙོ་དོན་གསུང་བཤད་གནང་།
ཧན་ཀྲིན་གྱིས་བསྟན་དོན། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ལ་ཁ་གཏད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ཆེན་པོ་བཏོན་པ་དང་། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་བཏོན་པར་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་སླེབས་པར་སྐུལ་འདེད་བཏང་སྟེ་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་པར་ཀྲུང་གོ་ཕྱོགས་ཀྱི་ཇུས་གཞི་བཏོན། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ། དུས་རབས་ཀྱི་འཕེལ་རྒྱས་གོ་སྐབས་དམ་པོར་འཛིན་པ་དང་ཉེན་ཁ་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ཏེ་མིའི་རིགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་བསྐྲུན་འདོད་ཡོད།
ཧན་ཀྲིན་གྱིས་གྲོས་འགོ་གསུམ་བཏོན་པ་སྟེ། གཅིག་ནི་སྒོ་འབྱེད་ཀྱིས་མཉམ་ལས་ལ་ཡར་སྐུལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་གོ་སྐབས་དང་དངུལ་གཏོང་གོ་སྐབས་སྔར་ལས་མང་བོ་འདོན་སྤྲོད་བྱས་ཏེ་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་ཀྲུང་གོའི་ལམ་ལུགས་རྣམ་པའི་སྒོ་འབྱེད་ཀྱི་ཕན་བདེ་མཉམ་སྤྱོད་བྱེད་འདོད་ཡོད། གཉིས་ནི་གསར་གཏོད་ལ་བརྟེན་ནས་སྒུལ་ཤུགས་ལ་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་སོ་སོའི་བར་གསར་སྐྲུན་གྲུབ་འབྲས་མཉམ་སྤྱོད་བྱེད་རྒྱུར་ཤུགས་སྣོན་པ་དང་གནམ་གཤིས་འགྱུར་ལྡོག་གི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ཏེ་འཛམ་གླིང་དཔལ་འབྱོར་འཕར་སྣོན་ཡོང་བར་སྒུལ་ནུས་གསར་བ་སྣོན་འདོད་ཡོད། གསུམ་ནི་ཞི་བདེ་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་། འཕེལ་རྒྱས་དང་དར་རྒྱས་ལ་མཉམ་དུ་འཆར་འགོད་བྱས་ཏེ་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད།
ཧན་ཀྲིན་གྱིས་བསྟན་དོན། ཉེ་ལམ་ཀྲུང་གོ་དང་ཨ་མེ་རི་ཁའི་བར་སྤེལ་བའི་མཐོ་རིམ་ཐུག་འཕྲད་གལ་ཆེན་ཁ་ཤས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མ་འོངས་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ལེགས་བཅོས་ཐད་ཀྱི་དྲང་ཕྱོགས་ཀྱི་སྔོན་དཔག་མཐོར་འདེགས་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་གསུམ་ལ་གཞིགས་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་ངེས། ང་ཚོས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་རིམ་པ་སོ་སོའི་འབྲེལ་འདྲིས་དང་གྲོས་མོལ་ལ་ཤུགས་སྣོན་པ་དང་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། འགལ་བ་འོས་འཚམ་གྱིས་འགོག་སྡོམ་བྱས་ཏེ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད།
གླེང་སྟེགས་སྐབས་སུ། ཧན་ཀྲིན་གྱིས་གླེང་སྟེགས་ཀྱི་གསར་སྐྲུན་མཁན་དང་ཨ་མེ་རི་ཁའི་ཕིན་པའོ་སྡེ་ཚོགས་ཀྱི་གསར་གཏོད་པ་པུའུ་ལུང་པའོ་ཀི་ལ་མཇལ་འཕྲད་གནང་བ་དང་། གླེང་སྟེགས་ལ་ཞུགས་པའི་སྐུ་མགྲོན་གྱི་འཐུས་ཚབ་དག་ལ་ཐུན་མོང་སྒོས་མཇལ་འཕྲད་གནང་།
ལྷ་མོ་ཚེ་རིང་གིས་བསྒྱུར།