ཧན་ཀྲིན་གྱིས་སིང་ག་ཕོར་ལ་འཚམས་འདྲི་གནང་།
2023.11.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ11པའི་ཚེས7ཉིན་ནས་ཚེས8ཉིན་བར་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་སིང་ག་ཕོར་དུ་འཚམས་འདྲི་གནང་ནས། སིང་ག་ཕོར་གྱི་ཙུང་ཐུང་ཧྲང་ཏཱ་མན་དང་ཙུང་ལི་ལིས་ཞན་ལུང་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཧྲང་ཏཱ་མན་ལ་མཇལ་འཕྲད་གནང་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་སྤྲོད་བྱས་ནས། ཀྲུང་གོ་དང་སིང་ག་ཕོར་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་དང་རྒྱལ་ཁབ་བར་མཛའ་མཐུན་འགྲོ་འོང་བྱེད་པའི་དཔེ་མཚོན་ལྟ་བུ་ཡིན། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཐད་མཉེན་ཤུགས་དང་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་མངོན་ཡོད་ཅིང་། འབྱུང་འགྱུར་གྱི་ངོས་ནས་བཤད་ན་སྔར་ལས་ལེགས་པའི་གྲུབ་འབྲས་ཐོབ་ཐུབ་པར་ཡིད་ཆེས་ཡོད། དེང་སྐབས་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་མང་བོ་གནས་ཡོད་པའི་དབང་གིས། རྒྱལ་ཁབ་སོ་སོས་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་རྒྱུ་དང་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་པ། ལག་གདང་སྦྲེལ་ནས་མཉམ་ལས་བཅས་བྱེད་དགོས། ཀྲུང་གོས་རང་ཉིད་ཀྱི་བརྟན་པོའི་རང་བཞིན་ལ་བརྟེན་ནས་འཛམ་གླིང་ལ་གཏན་འཁེལ་རང་བཞིན་སྔར་ལས་གང་མང་བསྣན་ཏེ། རང་ངོས་ཀྱི་འཕེལ་རྒྱས་གསར་བར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་བ་སྔར་ལས་གང་མང་བསྐྲུན་རྒྱུ་ཡིན་ཞེས་བསྟན།

ཧྲང་ཏཱ་མན་གྱིས་ཧན་ཀྲིན་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་ནས། རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་ཀྱིས་ཕྱོགས་གཉིས་ཀའི་འབྲེལ་བ་དེ་ཁྱོན་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་རེས་འབྲེལ་བར་དངོས་སུ་རིམ་སྤོར་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།

ཧན་ཀྲིན་གྱིས་ལིས་ཞན་ལུང་དང་མཇལ་འཕྲད་གནང་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ལི་མཆོག་གིས་ད་ལོའི་ཟླ་གསུམ་པའི་ནང་དུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཁྱོན་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་རེས་འབྲེལ་བར་རིམ་སྤོར་བྱས་པ་དངོས་སུ་བསྒྲགས་པ་དེར། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་འཕེལ་རིམ་ཁྲོད་དུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། ད་ལོ་ནི་སྐུ་ཞབས་ལིས་ཀོང་ཡའོ་འཁྲུངས་ནས་ལོ100འཁོར་བའི་ལོ་ཡིན་པ་དང་། སིང་ག་ཕོར་གྱིས་ཤར་ཕྱོགས་ཀྱི་རིན་ཐང་ལྟ་བ་དང་རྒྱལ་སྤྱིའི་མཐོང་རྒྱ་སྤྱད་དེ། དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག” བསྐྲུན་ནས། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལས་གཞིའི་སྤུས་ཚད་སྔར་ལས་མཐོ་རུ་གཏོང་བ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་དང་།  རྒྱལ་ཁབ་གཉིས་ཀའི་མི་སྣ་འགྲོ་འོང་དང་མི་གཞུང་རིག་གནས་བརྗེ་རེས་བྱེད་ཤུགས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་གཉིས་ཀའི་མཉམ་ལས་ལམ་སྲོལ་ཡག་པོར་སྤྱོད་པ། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ངེས་གནས་གསར་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་བཅས་བྱས་ཏེ། ས་ཁུལ་དར་རྒྱས་བརྟན་ལྷིང་ཡོང་ཆེད་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཅེས་བསྟན།

ལིས་ཞན་ལུང་གིས་སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་བྱས་ཏེ། རེས་སྐོར་གསར་བའི་ཕྱོགས་གཉིས་ཀའི་མཉམ་ལས་ལམ་སྲོལ་ཚོགས་འདུ་ཡག་པོ་འཚོགས་ནས། སིང་ག་ཕོར་དང་ཀྲུང་གོའི་ཕྱོགས་མང་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་རེས་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།