ཧན་ཀྲིན་གྱིས་མ་ལེ་ཞི་ཡའི་ཆེས་མཐོའི་འགོ་གཙོ་ཨ་པུའུ་ཏུའུ་ལར་མཇལ་འཕྲད་གནང་།  
2023.11.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ11པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་མ་ལེ་ཞི་ཡའི་ཆེས་མཐོའི་འགོ་གཙོ་ཨ་པུའུ་ཏུའུ་ལར་མཇལ་འཕྲད་གནང་།  ཧན་ཀྲིན་གྱིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེས་མཐོའི་འགོ་གཙོ་ཨ་པུའུ་ཏུའུ་ལར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས་པར་མ་ཟད། ཀྲུང་གོ་དང་མ་ལེ་ཞི་ཡ་གཉིས་ནི་རྒྱ་མཚོ་གཅིག་གིས་ཆོད་པའི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན།  སང་ལོ་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ50འཁོར་བར་དགའ་བསུ་ཞུ་རྒྱུ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་རྒྱུ་དེ་མཛུབ་སྟོན་དུ་བཟུང་ནས། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པ་དང་། ལག་གདང་སྦྲེལ་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་འཐུས་ཚང་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མཉམ་གྲོས་མཉམ་སྐྲུན་དང་མཉམ་སྤྱོད་ཀྱི་འདུ་ཤེས་བཟུང་ནས་མཐའ་འཁོར་རྒྱལ་ཁབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། མ་ལེ་ཞི་ཡ་དང་བཅས་པའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་བསྣན་ནས་ས་ཁུལ་རྒྱུན་མཐུད་དང་དར་རྒྱས།བརྟན་ལྷིང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཨ་པུའུ་ཏུའུ་ལཱ་ཡིས་ཧན་ཀྲིན་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་དང་།ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་གྲུབ་འབྲས་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོའི་དཔལ་འབྱོར་ཁྱབ་འགྱེད་གྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུས་ལ། ཕྱོགས་གཉིས་ཀྱི་མཉམ་ལས་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།