བློ་མཐུན་ཀྲིག་ཐེ་ནུང་གི་སྐུ་གདུང་པེ་ཅིང་དུ་སྦྱིན་སྲེག་བྱས།
2023.11.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

མིང་དུ་གྲགས་པའི་སྤྱི་ཚོགས་བྱེད་སྒོ་པ་དང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཕུལ་བྱུང་མགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་གི་སྙིང་ཉེ་བའི་གྲོགས་པོ། རྒྱལ་ཡོངས་དམངས་ཆེན་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་པ་དང་སྐབས་བཅུ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བློ་མཐུན་ཀྲིག་ཐེ་ནུང་གི་སྐུ་གདུང་ཚེས9ཉིན་པེ་ཅིང་པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་རུ་སྦྱིན་སྲེག་བྱས།

བློ་མཐུན་ཀྲིག་ཐེ་ནུང་སྙུང་གཞིའི་དབང་གིས། 2023ལོའི་ཟླ11པའི་ཚེས3ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་དང་སྐར་མ་བཅོ་ལྔའི་སྟེང་པེ་ཅིང་དུ་སྐུ་གཤེགས་པ་དང་། དགུང་ལོ་གྱ་ལྔ་རེད།

བློ་མཐུན་ཀྲིག་ཐེ་ནུང་ལ་སྙུང་གཞི་ལྕི་མོ་ཕོག་པའི་རིང་དང་སྐུ་གཤེགས་རྗེས་སུ། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན། ཧུའུ་ཅིན་ཐའོ་སོགས་བློ་མཐུན་རྣམས་སྨན་ཁང་དུ་ཕེབས་ནས་འཚམས་འདྲི་གནང་བའམ་ཡང་ན་བྱེད་ཐབས་སྣ་ཚོགས་བརྒྱུད་དེ། བློ་མཐུན་ཀྲིག་ཐེ་ནུང་སྐུ་གཤེགས་པར་སྐྱོ་གདུང་ཆེན་པོས་མྱ་ངན་ཞུས་པར་མ་ཟད། ཁོང་གི་གཉེན་ཉེར་འཚམས་འདྲི་གནང་།

ཚེས9ཉིན་གྱི་སྔ་དྲོར། པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོའི་ཚོགས་ཁང་རྔམ་བརྗིད་ལྡན་ཞིང་ཚོགས་ཁང་ནང་དུ་མྱ་ངན་གྱི་རོལ་དབྱངས་དལ་གྱིས་མཆེད་ཀྱིན་ཡོད། ཚོམས་ཆེན་གྱི་ཀླད་དུ་རས་གཞི་ནག་པོའི་སྟེང་དུ་ཡི་གེ་དཀར་པོས“བློ་མཐུན་ཀྲིག་ཐེ་ནུང་ལ་སྐྱོ་གདུང་ཆེན་པོས་མྱ་ངན་ཞུ”ཞེས་པའི་འཕྲེད་བྱང་བཀལ་ཡོད་ཅིང་། འཕྲེད་བྱང་གི་འགབ་ཏུ་བློ་མཐུན་ཀྲིག་ཐེ་ནུང་གི་སྐུ་པར་བཤམས་ཡོད་ལ། བློ་མཐུན་ཀྲིག་ཐེ་ནུང་གི་སྐུ་གདུང་མེ་ཏོག་མང་བོའི་དཀྱིལ་དུ་བཞག་ཡོད།

སྔ་དྲོའི་ཆུ་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་དུ། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་སོགས་མྱ་ངན་རོལ་དབྱངས་ཀྱི་འགྲོས་དང་བསྟུན་ནས། གོམ་སྟབས་དལ་མོའི་ངང་བློ་མཐུན་ཀྲིག་ཐེ་ནུང་གི་སྐུ་གདུང་གི་མདུན་དུ་ཕེབས་ཏེ། མྱ་ངན་ཞུས་པར་མ་ཟད། བློ་མཐུན་ཀྲིག་ཐེ་ནུང་གི་སྐུ་གདུང་ལ་གུས་འདུད་ལན་གསུམ་ཞུས་པ་ལས་གཞན། བློ་མཐུན་ཀྲིག་ཐེ་ནུང་གི་གཉེན་ཉེ་རྣམས་ལ་རེ་རེ་བཞིན་ཕྱག་འཇུ་གནང་ནས་འཚམས་འདྲི་མཛད།

ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་གྱིས་སྐྱེལ་མ་བྱེད་པའམ་ཡང་ན་བྱེད་ཐབས་སྣ་ཚོགས་ཀྱི་ལམ་ནས་མྱ་ངན་ཞུས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་བློ་མཐུན་ཀྲིག་ཐེ་ནུང་སྐུ་འཚོ་བཞུགས་གནང་སྐབས་ཀྱི་མཛའ་གྲོགས་དང་ཕ་ཡུལ་གྱི་འཐུས་མིའང་སྐྱེལ་མ་ཞུ་རུ་ཡོང་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།