ལིས་ཆང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2024ལོའི་ལོ་ཚོགས་ལ་ཞུགས་པར་མ་ཟད་དམིགས་བསལ་ཤིས་ཚིག་ཕུལ།
2024.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ1ཚེས16ཉིན་གྱི་སྔ་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཏ་ཝོ་སིའི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི2024ལོའི་ལོ་ཚོགས་ལ་ཞུགས་པར་མ་ཟད་དམིགས་བསལ་ཤིས་ཚིག་ཕུལ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གསར་གཏོད་པ་དང་ལག་བསྟར་ཀྲུའུ་ཞི་ཧྲི་ཝ་པུའུ་ཡིས་གླེང་སྟེགས་ལ་འགོ་འཛིན་བྱས།           ལིས་ཆང་གིས་བསྟན་དོན། ད་ཐེངས་ཀྱི་ལོ་ཚོགས་ཐོག“བསྐྱར་སྐྲུན་ཡིད་ཆེས”བརྗོད་དོན་གཙོ་བོར་བྱས་ཡོད་པས་མི་རྣམས་ཀྱི་དོ་ཁུར་དང་ཧ་ཅང་འཚམ་པོ་ཡོད།  ཡིད་ཆེས་ནི་ང་ཚོས་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ཡིད་སྨོན་བྱེད་པ་དང་ཐུན་མོང་ཐོག་འབད་བརྩོན་བྱེད་འདོད་པའི་རྨང་གཞིའི་ཐོག་བཙུགས་པ་ཡིན།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་པ་ནང་བཞིན། འཛམ་གླིང་འདི་ཟིང་ཆ་དང་འཕོ་འགྱུར་བྱུང་བའི་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་མོད། འོན་ཀྱང་མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་ཁ་ཕྱོགས་ཆེན་པོ་དེར་འགྱུར་བ་ཡོང་མི་སྲིད་པ་དང་།  འཛམ་གླིང་གི་ལོ་རྒྱུས་ཀྱག་ཀྱོག་ངང་མདུན་དུ་སྐྱོད་པའི་གཏན་ཚིགས་ཆེན་པོར་འགྱུར་བ་ཡོང་མི་སྲིད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལས་དབང་དང་ཐུན་མོང་གི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་ཡོང་མི་སྲིད། ཕྱོགས་སོ་སོས་ལྟ་སྟངས་ཡང་དག་འཛིན་པ་དང་མི་མཐུན་པའི་འགལ་བ་མེད་པར་བཏང་ནས་ མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་དུ་ཡིད་ཆེས་ཀྱི་ཆད་གྲངས་སེལ་དགོས་ཞེས་གསུངས་པ་རེད།

ལིས་ཆང་གིས་ཡིད་ཆེས་བསྐྱར་སྐྲུན་དང་མཉམ་ལས་ལ་ཤུགས་སྣོན། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གྲོས་འགོ་ལྔ་བཏོན་པ་སྟེ། གཅིག་ནས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བའི་མཉམ་ཤུགས་སྔར་ལས་གཅིག་ཏུ་བསྡུ་དགོས།  གཉིས་ནས་རྒྱལ་སྤྱིའི་ཐོན་ལས་ཀྱི་ལས་བགོས་མཉམ་ལས་ལ་ཤུགས་བསྣན་ནས་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། འཛམ་གླིང་ཡོངས་ཀྱི་ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་དང་ཤར་གཏོང་ཐུབ་རྒྱུར་སྲུང་སྐྱོང་ཏན་ཏིག་བྱེད་དགོས།  གསུམ་ནས་རྒྱལ་སྤྱིའི་ཚན་རྩལ་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་དུ་ལག་གདང་སྦྲེལ་ནས་སྒོ་འབྱེད་དང་དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་བསྐྲུན་ནས་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་ལ་ཚོད་འཛིན་བཟོ་བའི་བཀག་རྒྱ་མེད་པར་བཟོས་དགོས། བཞི་ནས་ལྗང་མདོག་འཕེལ་རྒྱས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་གི་བཀག་རྒྱ་སྣ་ཚོགས་མེད་པར་བཟོས་ཏེ། ལྗང་མདོག་གཞན་སྒྱུར་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། གཅིག་མཐུན་ཡིན་ལ་དབྱེ་བ་ཡོད་པའི་འགན་འཁྲིའི་རྩ་དོན་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་འཇལ་དགོས། ལྔ་ནས་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་འགལ་རྐྱེན་ཆེན་པོ་མེད་པར་བཏང་ནས་སྤྱི་ཡོངས་ལ་ཕན་ཞིང་ཁོང་ཡངས་བའི་འཛམ་གླིང་དཔལ་འབྱོར་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་བཅས་རེད།

ལིས་ཆང་གིས་བསྟན་དོན།  ཀྲུང་གོ་ནི་ཁ་དན་ཚིག་གནས་ལ་སྣང་ཆེན་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པས། ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཆེན་པོ་བཅངས་ནས་འབད་བརྩོན་ཆེན་པོ་བྱེད་པ་དང་ནན་ནན་ཏིག་ཏིག་གི་གྲུབ་འབྲས་ཐོག་ནས་འཛམ་གླིང་སྐྱེ་བོ་ཀུན་ལ་ཀྲུང་གོ་ནི་ཡིད་ཆེས་བྱེད་འོས་པ་ཞིག་ཡིན་པ་ར་སྤྲོད་བྱེད་དགོས། ཉེ་བའི་ལོ་ཤས་རིང་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཐོན་ལས་ཀྱི་རྨང་གཞི་དང་གཙོ་རྒྱུའི་སྤུས་ཚད། གསར་གཏོད་ནུས་པ་སོགས་གཞི་རྩའི་ཆ་ནས་ཡག་པོ་ཡོད་པ། དཔལ་འབྱོར་ཡུན་རིང་ཇེ་ལེགས་སུ་འགྲོ་བའི་སྤྱིའི་འཕེལ་ཕྱོགས་ལ་འགྱུར་ལྡོག་འགྲོ་མི་སྲིད་པ། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱ་རྒྱུ་བཅས་རེད། ཀྲུང་གོར་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་ར་ཡོད་པ་མ་ཟད། མགྱོགས་མྱུར་གྱིས་དགོས་མཁོ་དང་འཚམས་པའི་དུས་མཚམས་སུ་གནས་ཡོད།  གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་ལྗང་མདོག་རིམ་སྤོར་སོགས་ཐད་གཞི་ཁྱོན་ཆེ་བའི་འཕེལ་རྒྱས་ཀྱི་འཕར་ཚད་ཆགས་ནས་འཛམ་གླིང་ཚོང་དོན་དང་མ་འཇོག་འཕར་རྒྱུར་དེ་ལས་རྒྱ་ཆེ་བའི་མདུན་ལམ་གཏོད་རྒྱུ་རེད། འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞིང་། སྒོ་འབྱེད་པའི་སྒོ་མོ་སྔར་ལས་ཆེ་རུ་འགྲོ་རྒྱུ་རེད། ཀྲུང་གོའི་ཁྲོམ་ར་གདམ་ག་བྱ་རྒྱུ་ནི་ཉེན་ཁ་ཞིག་མིན་པར་གོ་སྐབས་ཤིག་རེད། ང་ཚོས་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོར་མུ་མཐུད་དུ་མ་དངུལ་གཏོང་རྒྱུར་ལྷག་བསམ་རྣམ་དག་ངང་དགའ་བསུ་ཞུ་རྒྱུ་དང་། ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་འཇགས་ངང་ཆེ་རུ་གཏོང་རྒྱུ། ཕྱི་རྒྱལ་གྱིས་མ་དངུལ་བཏང་ཆོག་མིན་གྱི་ལྡོག་ཕྱོགས་རྩིས་ཐོ་མུ་མཐུད་ཇེ་ཉུང་དུ་གཏོང་རྒྱུ། ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་འགན་ལེན་བཅས་བྱས་ཏེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་ཡིན།

སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཨ་མུའུ་ཧི་ཏི་དང་སིང་ཀ་ཕོར་གྱི་ཙུང་ཐུང་ཧྲང་ཏ་མན། པིས་ལི་ཧྲིའི་རྒྱལ་པོ་ཧྥེ་ལི་ཕུའུ། རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མེ། ཀག་ན་ཡི་ཙུང་ཐུང་ཨ་ཁུའུ་ཧྥུའུ་ཨ་ཏོ། ལི་ཙམ་པོག་གི་དབུ་བཞུགས་བློན་ཆེན་ཕུའུ་ལི་ཏིན། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨེན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་ཀི་ཨོའར་ཅི་ཡེ་ཝ།འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཏིན་ཧུང་སིན་བཅས་དང་དེ་བཞིན་རྒྱལ་ཁབ་ཁག་གི་ཆབ་སྲིད་མི་སྣ་དང་བཟོ་ཚོང་། རིག་གཞུང་། སྨྱན་སྦྱོར་སོགས་ལས་རིགས་ཁག་གི་འཐུས་མི1500ལྷག་གོང་གསལ་གྱི་བྱེད་སྒོར་ཞུགས།