ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས།
2024.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ1ཚེས22ཉིན་གྱི་ཆུ་ཚོད15ཡི་སྟེང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས། གསར་འགོད་པས་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ཟླ1ཚེས24ཉིན་ནས་ཚེས28ཉིན་བར་ཟི་ལིང་དུ་འཚོགས་རྒྱུ་ཡིན་པ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཟླ1ཚེས23ཉིན་ནས་ཚེས27ཉིན་བར་ཟི་ལིང་དུ་འཚོགས་རྒྱུ་རེད། མིག་སྔར་གྲོས་ཚོགས་གཉིས་ཀྱི་གྲ་སྒྲིག་བྱ་བ་ཡོད་ཚད་ཚགས་སུ་ཆུད་ཡོད།

ད་ལོའི་གྲོས་ཚོགས་གཉིས་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ཞིང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་གཞི་དང་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོར་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་དང་། སྔ་འཛིན་ཕྱི་གཏོད་དང་རྒྱུན་མཐུད་མདུན་སྐྱོད་ཀྱི་ཚོགས་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་འཕེལ་རྒྱས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བར་སྐུལ་སློང་དང་། བློ་གྲོས་དང་སྟོབས་ཤུགས་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བའི་འབད་འཐབ་དམིགས་འབེན་སྟེང་བསྡུ་རུབ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་གཏན་འཁེལ་བྱས་པའི་དམིགས་འབེན་འགན་འཁྲི་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད།

ཐེངས་འདིའི་གྲོས་ཚོགས་གཉིས་ལེགས་པོར་བསྡུ་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་དང་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་ཚོགས་ཆེན་གྲ་སྒྲིག་བྱ་བར་མཐོང་ཆེན་བྱས་ཏེ། ཚོགས་ཆེན་གྲ་སྒྲིག་བྱ་བའི་ལས་ཁུངས་བཙུགས། ཚོགས་འདུའི་ལས་དོན་དང་ཁྲིམས་སྲོལ། རྩ་འཛུགས། དྲིལ་བསྒྲགས། ཡིག་སྒྱུར། བདེ་སྲུང་། སྤྱི་གཉེར་དང་སྨན་བཅོས་འགན་སྲུང་། ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ལྟ་སྐུལ་སོགས་བྱ་བའི་ཚན་ཆུང་བཙུགས་པ་དང་། ཚན་ཆུང་སོ་སོས་ནན་ཏན་གྱིས་བྱ་བའི་ལས་འགན་དང་བྱ་བའི་ཇུས་གཞི་གཏན་འབེབས་བཟོས་ཏེ་ཞིབ་ཚགས་དང་ཕན་ཡོད་ཀྱི་བྱ་བ་མང་པོ་བསྒྲུབས་ནས་ཞིབ་ཚགས་ངང་བྱ་བ་སྤེལ་བཞིན་ཡོད།

མིག་སྔར་གྲོས་ཚོགས་གཉིས་ཀྱི་སྙན་ཞུ་ཁག་དང་འབྲེལ་ཡོད་ཡིག་ཆ་དང་རྒྱུ་ཆ་གྲ་སྒྲིག་བྱས་ཟིན་པ་དང་། ཚོགས་འདུ་མ་འཚོགས་གོང་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། བསམ་གཞིགས་ནན་ཏན། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་རྒྱ་ཁྱབ་ཏུ་ཤེས་རྟོགས་བྱས་ཏེ་ཚོགས་འདུའི་སྐབས་སུ་སྤུས་ཚད་མཐོ་བའི་གྲོས་གཞི་དང་། བསམ་འཆར་བསྡུ་ལེན་བྱ་རྒྱུར་གྲ་སྒྲིག་གང་ལེགས་བྱས་པ་དང་། གྲོས་ཚོགས་འདུ་གཉིས་ཀྱི་བྱ་བའི་ཚན་ཆུང་སོ་སོས་ཕྱོགས་ཡོངས་ནས་ཚོགས་འདུ་བདེ་བླག་ངང་འཚོགས་རྒྱུར་ཞབས་ཞུའི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད།

ཚོགས་འདུའི་སྐབས་སུ་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ལྟ་སྐུལ་ཚན་ཆུང་གིས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ་དང་། ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་གྱི་ལྟ་སྐུལ་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་འཐུས་མི་དང་། ཨུ་ཡོན། ཟུར་ཞུགས་མི་སྣ། ལས་དོན་མི་སྣ་བཅས་ཀྱིས་ཚོགས་འདུའི་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་གནས་ཚུལ་ལ་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་གྱི་སྙན་ཞུའི་ལམ་ལུགས་ལག་བསྟར་བྱེད་པར་མ་ཟད། ཉིན་རེའི་ཚོགས་འདུར་ཟུར་ཞུགས་བྱེད་ཚུལ་བརྡ་ཁྱབ་བཏང་ནས་སྒྲིག་ཁྲིམས་ནན་སྲུང་དང་སྤྱོད་ཚུལ་བཟང་བའི་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་བཟང་པོ་ཞིག་ཧུར་ཐག་གིས་གཏོད་རྒྱུ་རེད།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་དེར་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་དྲིལ་སྒྲོག་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧྥུན་ཆིན་དབྱི་ཡིས་འགོ་འཛིན་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་མགོན་པོ་ཚེ་རིང་དང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཞུའུ་ལེན་དབྱིན་གཉིས་ཀྱིས་འབྲེལ་ཡོད་ནང་དོན་ཁྱབ་བསྒྲགས་བྱས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་ལས་ཁུངས་དང་ཞིང་ཆེན་རིམ་པའི་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པ་ཚོགས་འདུར་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།