ལིས་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2024.01.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ1ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་འབྲེལ་ཡོད་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་། 《དུས་ཐོག་སྡེབ་སྐྱེལ་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོནབསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ལ། མི་བཟོས་རིག་ནུས་ཀྱིས་རྣམ་པ་གསར་པའི་བཟོ་ལས་ཅན་བསྐྱེད་པར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས་ནས་བཀོད་སྒྲིག་བྱས་པར་མ་ཟད། མ་རྩའི་ཁྲོམ་རའི་འཁོར་སྐྱོད་གནས་ཚུལ་དང་བྱ་བའི་བསམ་གཞིགས་སྐོར་གྱི་་སྙན་ཞུར་ཉན་པ་ལས་གཞན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྡུལ་ཕྲན་ནུས་པའི་སྐོར་གྱི་བཅའ་ཁྲིམས(འཆར་ཟིན)》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནག་དངུལ་དཀར་སྒྱུར་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བཅའ་ཁྲིམས)》ལ་གྲོས་བསྡུར་བྱས།

ཚོགས་ཐོག་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་ཡུལ་ཞིག་ཡིན། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུའི་དམིགས་འབེན་གཏན་འཁེལ་བྱས་ནས། “བཟོ་སྐྲུན་ཁྲི་སྟོང”གི་ཉམས་མྱོང་ལ་སློབ་སྦྱོང་དང་དེ་བེད་སྤྱོད་བྱས་ཏེ། ཞིང་ལས་དང་གྲོང་གསེབ་མགྱོགས་མྱུར་ངང་དེང་རབས་ཅན་དུ་འཕེལ་བར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཞིང་ལས་དང་གྲོང་གསེབ་ཀུན་གྱི་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། དེང་རབས་ཀྱི་ཞིང་ལས་འཛུགས་སྐྲུན་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་ཇེ་བརྟན་དུ་གཏོང་བ། ཐབས་ལམ་མང་པོར་བརྟེན་ནས་ཞིང་པའི་ཡོང་འབབ་མགྱོགས་མྱུར་ངང་འཕར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཞིང་པའི་རང་བདག་གནས་བབ་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་ཀྱི་འཇོན་མི་གསོ་སྐྱོང་གང་ལེགས་བྱས་ནས། རིགས་སོ་སོའི་འཇོན་མི་བསྡུ་འགུག་བྱས་ཏེ་གྲོང་གསེབ་དར་སྤེལ་ལས་རིམ་ཁྲོད་ཞུགས་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་ནས། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཚུལ་སྒྱུར་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་སྟེ། བདེ་སྡོད་དང་ལས་རིགས་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་ནུས་ལྡན་བྱས་ཏེ། མིས་བཟོས་རིག་ནུས་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་གཙོ་གནད་དུ་འཛིན་པ་དང་། རིག་ནུས་བཟོ་སྐྲུན་གཙོ་གནད་དུ་འཛིན་པ། རྣམ་པ་བཀོལ་སྤྱོད་བྱ་རྒྱུ་སྣེ་ཁྲིད་དུ་འཛིན་པ། གཙོ་གནད་ལས་རིགས་ཀྱི་རིག་ནུས་རིམ་སྤོར་སྔར་ལས་ཇེ་མགྱོགས་སུ་གཏོང་བ། རིག་ནུས་ཐོན་རྫས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཆུ་ཚད་མཐོ་བའི་ནུས་བསྐྱེད་བཟོ་ལས་བཟོ་སྐྲུན་མ་ལག་མགྱོགས་མྱུར་ངང་འཛུགས་པ། སྤུས་ཚད་མཐོ་བའི་ཐོན་སྐྱེད་ནུས་ཤུགས་གསར་པ་མགྱོགས་མྱུར་ངང་གྲུབ་པར་བྱེད་པ་བཅས་བྱས་ནས། བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ལྡན་དང་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན། གཞི་གྲངས་ཀྲུང་གོ་འཛུགས་སྐྲུན་བཅས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།