རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཚེས་ཉེར་གཉིས་ཉིན་པེ་ཅིང་དུ་དབྱིན་ཇིའི་ཧོས་ཧྥིན་སྡེ་ཚོགས་ཀྱི་ཀྲུའུ་ཞི་ཏུའུ་ཅཱ་ཆི་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ་སྒྲིག་སྲོལ་དང་ལམ་ལུགས། དོ་དམ། ཚད་གཞི་སོགས་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་གཙོ་གནད་དུ་བཟུང་ནས་དངུལ་རྩའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཧོས་ཧྥིན་སྡེ་ཚོགས་སོགས་རྒྱལ་སྤྱིའི་དངུལ་རྩའི་སྡེ་ཚོགས་དག་མུ་མཐུད་དུ་ཀྲུང་གོའི་དངུལ་རྩའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་ཁྲོད་ཧུར་ཐག་གིས་ཞུགས་ཏེ་ཀྲུང་གོ་ནས་འཕེལ་རྒྱས་སྔར་ལས་བཟང་བོ་མངོན་འགྱུར་ཡོང་བར་དགའ་བསུ་ཞུ་བ་ཡིན། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། ཧོས་ཧྥིན་སྡེ་ཚོགས་ཀྱིས་རང་གི་དགེ་མཚན་འདོན་སྤེལ་བཟང་བོ་བྱས་ཏེ་ཀྲུང་གོའི་བར་གྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཞང་ཀང་གི་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་ཀྱི་གོ་གནས་སྲ་བརྟན་དང་མཐོར་འདེགས་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་བཅངས་ཡོད་ཅེས་བསྟན།
ཏུའུ་ཅཱ་ཆི་ཡིས་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་བསྟོད་བསྔགས་བྱས་པ་དང་། ཧོས་ཧྥིན་སྡེ་ཚོགས་ཀྱིས་ཀྲུང་གོ་རུ་མ་དངུལ་གཏོང་བའི་ཡིད་ཆེས་བརྟན་པོ་ཡིན་པ་དང་། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ཁྲོད་ཧུར་ཐག་གིས་ཞུགས་ཏེ་ཞང་ཀང་གི་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་དབྱིན་ཇི་དང་ཀྲུང་གོའི་གཉིས་ཕན་མཉམ་ལས་ཐད་གྲུབ་འབྲས་མང་པོ་ཐོབ་པར་སྐུལ་འདེད་གཏོང་ངེས་ཡིན་ཞེས་བསྟན།
ལྷ་མོ་ཚེ་རིང་གིས་བསྒྱུར།