ཝང་ཧུའུ་ཉིང་གིས་ལའོ་ཝའོ་རྒྱལ་འཛུགས་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་མཇལ་འཕྲད་གནང་།
2024.01.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ1ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ། ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་འཛུགས་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞིན་ལཱ་ཧྥུན་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་ད་ལོ་ནི་ཀྲུང་གོ་དང་ལའོ་ཝའོ་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་བཅོ་ལྔ་འཁོར་བའི་ལོ་ཡིན། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ལའོ་ཝའོ་རྒྱལ་འཛུགས་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། མཉམ་ལས་ལམ་སྲོལ་གྱི་སྟེགས་བུ་ཡག་པོ་བཙུགས་ནས། ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་ཡུན་བརྟན་གྱི་དྲང་ནུས་སྔར་ལས་གང་མང་སྣོན་འདོད་ཡོད་ཅེས་གསུངས།

ཞིན་ལཱ་ཧྥུན་གྱིས་ལའོ་ཝའོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱིན་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་བར་ཕན་ཚུན་བརྗེ་རེས་དང་ཉམས་མྱོང་མཉམ་སྤྱོད་བྱ་རྒྱུར་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀའི་དམངས་འདོད་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་བསྟན།

མཇལ་འཕྲད་གནང་ཚར་རྗེས། ཝང་ཧུའུ་ཉིང་དང་ཞིན་ལཱ་ཧྥུན་གཉིས་མཉམ་དུ། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་ལའོ་ཝའོ་རྒྱལ་འཛུགས་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་མཉམ་ལས་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས།

ཧྲི་ཐའེ་ཧྥུན་དང་ཝང་ཏུང་ཧྥུན་འབྲེལ་ཡོད་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།