ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐོར་ཐེངས་ཉེར་བཞི་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་སྦྱོང་བརྡར་བྱས།
2024.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ1ཚེས22ཉིན། ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྐོར་ཐེངས་ཉེར་བཞི་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིར་བསུ་མ་བྱེད་པའི་གསོ་སྦྱོང་གྲོས་ཚོགས་ཟི་ལིང་དུ་བསྡུས། མཚོ་སྔོན་དུ་ཡོང་བའི་སྐོར་ཐེངས་ཉེར་བཞི་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ཡོངས་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་དུ་ཡོང་བའི་སྐོར་ཐེངས་ཉེར་བཞི་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིའི་ཁྲོད། ཁོངས་མི་ཉེར་བཞི་ནི་ཐེངས་དང་པོར་མཚོ་སྔོན་དུ་ལས་འཁུར་སྦྱོང་བརྡར་བྱེད་པར་ཡོང་བ་ཡིན་ལ། ཁོངས་མི་བདུན་སྐོར་ཐེངས་སྔོན་མའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ཡིན་པ་དང་། ཁོངས་མི་བཅོ་བརྒྱད་ནི་གསོ་རིག་འབུམ་རམས་པ་ཡིན་ཞིང་། ཁོངས་ཡི་བཅུ་གསུམ་ནི་ཐོན་ལས་ཁྱབ་ཁོངས་དང་སློབ་གསོ་ཁྱབ་ཁོངས་ཀྱི་འབུམ་རམས་པ་རེད། ཁོ་ཚོ་སོ་སོར་རང་ཞིང་གི་ཏང་སྲིད་ལས་ཁུངས་དང་ཁེ་ལས་གཙོ་བོ། མཐོ་རིམ་སློབ་གླིང་། སྨན་བཅོས་ལས་ཁུངས་སོགས་སྡེ་ཁག་ཏུ་སོང་ནས་མཚོ་སྔོན་འཛུགས་སྐྲུན་ཁྲོད་ཞུགས་པ་དང་མཚོ་སྔོན་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་རྒྱུ་རེད།

ཚོགས་ཐོག་ཏུ། མཚོ་སྔོན་དུ་ཡོང་བའི་སྐོར་ཐེངས་ཉེར་བཞི་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིའི་འཐུས་ཚབ་ཀྱིས་བསྟན་དོན། རྗེས་ཕྱོགས་ཀྱི་ལོ་གཅིག་གི་ནང་། རང་སོ་སོའི་ཆེད་ལས་ཁྱད་ཆོས་འདོན་སྤེལ་བྱེད་པ་དང་། ཟམ་ཐག་བཟང་བོ་བྱེད་པ། ལས་འཁུར་སྦྱོང་བརྡར་ལས་ཁུངས་ཀྱི་མ་དངུལ་ནང་འདྲེན་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་ལམ་བུ་རྒྱ་བསྐྱེད་པ་དང་། ཚན་རིག་ཞིབ་འཇུག་གི་འགག་གཏོར་བྱེད་པ། རང་ས་གནས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་བ་དང་། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་སྤེལ་གཏོང་བའི་སྔོན་སྐྱོད་པ་དང་ལག་བསྟར་པ་བྱེད་རྒྱུ་ཡིན་ཟེར། ས་ཆ་སོ་སོ་དང་མི་བཀོལ་སྡེ་ཁག་སོ་སོས་ཀྱང་བསྟན་དོན། སེམས་ཤུགས་ཡོད་རྒུས་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ལ་ཆབ་སྲིད་ཀྱི་ཁོར་ཡུག་བཟང་བོ་དང་། བྱ་བའི་ཁོར་ཡུག འཚོ་བའི་ཁོར་ཡུག་བསྐྲུན་ནས། ཧུར་ཐག་གིས་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ལ་མཚོ་སྔོན་དུ་ལས་སྒྲུབ་ལས་སྐྲུན་བྱེད་པ་དང་འཇོན་ཐང་མངོན་པའི་སྟེགས་བུ་བཟང་བོ་བསྐྲུན་རྒྱུ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་སྐོར་ཐེངས་ཉེར་བཞི་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པས་ད་དུང་སོ་སོར་མཐོ་སྒང་གི་གསོ་རིག་འབུམ་རམས་པའི་ཚན་ཆུང་དང་མཐོ་སྒང་གི་ཐོན་སློབ་འབུམ་རམས་པའི་ཚན་ཆུང་། གསོ་རིག་ཚན་ཆུང་གི་འབུམ་རམས་པ་རང་ཞིང་གི་མཐོ་སྒང་གསོ་རིག་ལྟེ་གནས་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་ནས། མཐོ་སྒང་གི་གསོ་རིག་ནད་རིགས་ཞིབ་འཇུག་ཐད་རོགས་འདེགས་བྱེད་པ་དང་། མཐོ་སྒང་གི་ནད་རིགས་དང་འབྲེལ་བའི་ཆེད་དོན་ཚན་ཁག་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་རྒྱུ་རེད། ཐོན་སློབ་ཚན་ཆུང་གི་འབུམ་རམས་པས་སློབ་ཚན་འཛུགས་སྐྲུན་བྱེད་པ་དང་ཚན་རིག་ཞིབ་འཇུག་བྱེད་པ། བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ནས་རང་ཞིང་གི་མཐོ་རིམ་སློབ་གསོ་དང་ཁྱད་ལྡན་ཐོན་ལས་ཐད་ཀྱི་འགག་སྒྲོལ་གསར་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།

དགའ་བསུའི་ཚོགས་འདུའི་རྗེས་སུ། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ཡོངསདུས་ཡུན་ཉིན་གསུམ་རིང་གི་འགན་མ་ཁུར་གོང་གི་གསོ་སྦྱོང་ལ་ཞུགས་རྒྱུ་ཡིན་པར་མ་ཟད། ཞིང་ཆེན་རྟེན་མཛོད་གླིང་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་མཛོད་གླིང་། མཚོ་སྔོན་མ་རྡུལ་མཁར་གྲོང་རྗེས་དྲན་ཁང་སོགས་ལ་སོང་ནས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་དང་མང་ཚོགས་ཀྱི་གནས་ཚུལ་ལ་སྔར་ལས་རྒྱུས་ལོན་གསལ་བོ་བྱས་ཏེ། ཕུགས་འདུན་ཡིད་རྟོན་སློབ་གསོ་དང་ལེན་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།