ཞིང་ཆེན་དམག་ཁུལ་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས(རྒྱས་འཛོམས)གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས།
2024.01.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ1ཚེས21ཉིན་ནས22ཉིན་བར། ཞིང་ཆེན་དམག་ཁུལ་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས(རྒྱས་འཛོམསགྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཁྲིན་ཀང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་དེ།  ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། དམག་དཔུང་བཙུགས་ཏེ་ལོ་བརྒྱ་ལོན་པའི་འབད་འཐབ་དམིགས་འབེན་ལ་དམ་དུ་དམིགས་ནས། རྒྱུན་ཆད་མེད་པར་ཞིང་ཆེན་དམག་ཁུལ་དེ་ཚད་གཞི་སྔར་ལས་མཐོན་པོས་འཛུགས་སྐྲུན་དང་སྤུས་ཚད་སྔར་ལས་མཐོན་པོས་གོང་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཁྲིན་ཀང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་དུ། ཞིང་ཆེན་དམག་ཁུལ་ཏང་ཨུས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དང་། ནུབ་ཕྱོགས་འཐབ་ཁུལ་དང་དམག་ཨུའི་རྒྱལ་སྲུང་སྐུལ་སློང་པུའུ་ཏང་ཨུའི་བྱ་བའི་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་གི་ལས་དོན་ཁག་སོ་སོར་འཕེལ་རིམ་གསར་བ་དང་གྲུབ་འབྲས་གསར་བ་བླངས་ཡོད། ལྷག་པར་ཅི་ཧྲི་ཧྲན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་བྱུང་རྗེས། ཞིང་ཆེན་དམག་ཁུལ་གྱི་དམག་དཔུང་དེ་མ་ཉིད་དུ་རང་ཞིང་གི་གནོད་འཚེ་ཐེབས་ཁུལ་དུ་བསྐྱོད་དེ། མི་སྣ་འཚོལ་སྐྱོབ་དང་། གཞུང་ལམ་ཤར་གཏོང་། མང་ཚོགས་བདེ་འགོད་སོགས་ཀྱི་ལས་འགན་ལག་བསྟར་བྱས་ཏེ། ཡོམ་འགོག་རྒུད་སྐྱོབ་བྱ་བར་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ལེན་པར་བྱས་རྗེས་གལ་ཆེན་བཞག་ཡོད།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ད་ལོར། ཞིང་ཆེན་དམག་ཁུལ་གྱི་ཕྱོགས་ཡོངས་ཀྱི་འཛུགས་སྐྱོང་དེ་རྨང་རྐང་ཇེ་བརྟན་དང་། སྤུས་འདེགས་ནུས་སྤེལ། གསར་སྤེལ་ཤུགས་འདོན་བཅས་ཀྱི་གནད་འགག་གི་དུས་རིམ་དུ་གནས་ཡོད་པས། བློ་བརྟན་འགྱུར་མེད་སྒོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པས་རྒྱལ་སྲུང་སྐུལ་སློང་དང་། དམག་གྲབས་འཐབ་འཁྲུག  འཇོན་མིའི་དཔུང་ཁག  རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་སོགས་ཀྱི་ཕྱོགས་སོ་སོའི་བྱ་བར་སྣེ་སྟོན་བྱས་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་། དམག་དཔུང་གི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ། རྒྱ་ཆེའི་དཔོན་དམག་གི་སྣེ་ཁྲིད་དེ་གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བློ་དཀར་སྤྱོད་གཙང་དང་། ཡིད་རྟོན་རུང་བར་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་ཏང་གི་འཛུགས་སྐྲུན་བྱ་བའི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་བཏང་སྟེ། དུས་རབས་གསར་བའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དམག་ཡོངས་ཀྱི་ཏང་འཛུགས་སྐྲུན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཨུའི་ཚན་ཁག་གི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ནུས་ཤུགས་ཆེན་པོས་ཏང་གི་རྩ་འཛུགས་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཁྲིམས་ལྟར་དམག་སྐྱོང་བ་དང་། དམག་བཅོས་སྐྱོང་ནན་མོ་བྱེད་པ་དམ་འཛིན་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་དམག་སྦྱོང་དམག་འཐབ་གྲ་སྒྲིག་དང་། རྒྱལ་སྲུང་སྐུལ་སློང་རོགས་དམག་གི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ནས། རྒྱལ་སྲུང་སྐུལ་སློང་གི་རྐྱེན་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པ་དང་། མཐོ་སྒང་མི་རིགས་ས་ཁུལ་དུ་དམངས་དམག་འཛུགས་སྐྲུན་གྱི་རྣམ་པ་གསར་བ་བསྐྲུན་དགོས། བློ་བརྟན་འགྱུར་མེད་སྒོས་གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་སྐྲུན་བྱེད་ཚད་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་། འཐབ་ཇུས་གོ་གནས་ལ་རྐང་བཙུགས་ནས་ཁྱད་སྟོབས་དགེ་མཚན་འདོན་སྤེལ་བྱས་ཏེ། མཚོ་སྔོན་གྱི་དམག་དོན་དགོས་མཁོ་དང་ས་གནས་ཀྱི་འདོན་སྤྲོད་ཕན་ཚུན་སྦྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་དུས་རབས་གསར་བའི་དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། ཐོག་མཐའ་བར་གསུམ་དུ་སྲིད་བཀུར་དམངས་གཅེས་དང་དམག་བཀུར་ཁྱིམ་སྐྱོང་གི་ལས་དོན་དེ་གལ་འགངས་ཆེ་ཤས་སུ་བརྩིས་ནས། སྤྱི་ཚོགས་ཡོངས་སུ་རྒྱལ་སྲུང་ལ་སེམས་ཁུར་དང་། རྒྱལ་སྲུང་ལ་དགའ་ཞེན་བཅངས་པ། རྒྱལ་སྲུང་འཛུགས་སྐྲུན་བྱེད་པ། རྒྱལ་སྲུང་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་རྣམ་པ་ལེགས་པོ་ཞིག་བསྐྲུན་དགོས། རིམ་པ་སོ་སོའི་ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་གླེང་བའི་མཐོ་ཚད་ནས། རང་འགུལ་གྱིས་དམག་དཔུང་གི་དགོས་མཁོར་རྒྱུས་ལོན་བྱས་ནས། དམག་དཔུང་འཛུགས་སྐྲུན་དང་རྒྱ་ཆེའི་དཔོན་དམག་གི་ཆེད་དུ་དཀའ་གནད་སེལ་བ་དང་། དོན་དངོས་དང་དོན་བཟང་གང་མང་སྒྲུབ་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་དབྱང་ལུང་ཞི་ཡིས་མགོ་འཛིན་བྱས་པར་མ་ཟད། ཞིང་ཆེན་དམག་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པའི་ཞོར་དུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་ཁུར་མཁན་དབྱང་ཁི་ཞང་གིས་ཞིང་ཆེན་དམག་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥིན་དང་། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་རྣམ་རྒྱལ་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལས་ཞིང་ཆེན་དམག་ཁུལ་གྱི2023ལོར་བྱ་དགའ་ཐོབ་པའི་ལས་ཁུངས་དང་མི་སྒེར། དུས་རབས་གསར་བའི་སྐབས་དང་པོའི་གནའ་བོའི་མཐོ་སྒང་སྙིང་སྟོབས་ཀྱི་རྒྱུན་འཛིན་པ་བཅུ་བཅས་ལ་གཟེངས་བསྟོད་བྱས་ཤིང་། ཡན་ལག་དམག་ཁུལ་བརྒྱད་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་གཏམ་བཤད།

                                                                                                     རིག་འཛིན་སྒྲོལ་མས་བསྒྱུར།