ཞིང་ཆེན་ཏང་ཨུའི་དངུལ་རྩའི་བྱ་བའི་གྲོས་ཚོགས་ཟླ1ཚེས22ཉིན་གྱི་སྔ་དྲོར་ཟི་ལིང་དུ་བསྡུས། ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དངུལ་རྩའི་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དངུལ་རྩ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་བརྗོད་དོན་དུ་བྱེད་པ། དངུལ་རྩའི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་གཙོ་སྙིང་དུ་བྱེད་པ། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་དངུལ་རྩའི་ཉེན་ཁ་འགོག་ཟོན་ཐག་གཅོད་བྱེད་པ་གཙོ་གནད་དུ་བྱེད་པ། ནུས་ཤུགས་ཡོད་རྒུས་མཐོ་ས་གསར་སྐྲུན་དང་གནས་བཞི་འཛུགས་སྐྲུན་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་ཤུགས་དང་ལྡན་པའི་དངུལ་རྩའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དངུལ་རྩའི་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ནི། དངུལ་རྩའི་བྱ་བ་བཟང་བོར་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཕྱོགས་སྟོན་ཡིན། དངུལ་རྩ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ལ་འབྲེལ་བ་ཡོད་པ་དང་། གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་མཐོ་ཚད་དུ་འགྲེང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཏང་གི་དངུལ་རྩའི་བྱ་བའི་ཐད་ཀྱི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་པའི་རྩ་བའི་རེ་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་ཀྱི་ལམ་བུའི་ངོ་བོ་དང་ཁྱད་ཆོས། དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ལས་འགན། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་འབེན། ཉེན་ཁ་འགོག་ཟོན་བྱེད་པའི་དངུལ་རྩའི་བྱ་བའི་ཡུན་རིང་གི་བརྗོད་དོན་བཅས་ཁོང་དུ་ཆུད་པར་བྱེད་པ་དང་། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་དངུལ་རྩའི་བྱ་བ་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་སྤྱིའི་བྱ་བའི་ཁྲོད་འཕེལ་རྒྱས་ཀྱི་ངེས་གནས་འཚོལ་བ་དང་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་དངུལ་རྩ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། རང་ཞིང་གི་དངུལ་རྩའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོར་ཁས་ལེན་གང་ལེགས་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དངུལ་རྩའི་ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ལྟ་སྐུལ་དོ་དམ་བཟང་བོ་བྱེད་པ། ཁྲིམས་ལྟར་དངུལ་རྩའི་བྱ་འགུལ་ཡོངས་རྫོགས་ལྟ་སྐུལ་དོ་དམ་ཁྲོད་བཞག་སྟེ། ས་གནས་ཀྱིས་གཙོ་འགན་ཁུར་བ་དང་ལས་རིགས་ཀྱིས་མཉམ་འཛིན་བྱེད་པ། སྤྱི་ཚོགས་ཀྱིས་མཉམ་བཅོས་བྱེད་པ། མཉམ་ལས་མཉམ་འབྲེལ་གྱི་བྱ་བའི་རྣམ་པ་གྲུབ་པར་བྱེད་དགོས། དངུལ་རྩའི་ཉེན་ཁ་འགོག་ཟོན་ཐག་གཅོད་བྱེད་པ་དང་། གྲོན་ཆུང་སྒོས་འཚོ་བ་རོལ་བའི་རེ་བ་ལག་བསྟར་བྱེད་པ། དངུལ་རྩ་ལས་ཁུངས་ཆུང་འབྲིང་གི་ཉེན་ཁ་དུས་ཐོག་ཏུ་ཐག་གཅོད་པ། དངུལ་རྩ་དང་ས་ཁང་བདག་ཁོངས་ཀྱི་འཁོར་རྒྱུག་བཟང་བོར་སྐུལ་འདེད་གཏོང་བ། ས་གནས་ཀྱི་བུ་ལོན་ཉེན་ཁ་འགོག་ཟོན་ཐག་གཅོད་བྱེད་པའི་ཡུན་ཕན་རྐྱེན་སྲོལ་བཙུགས་ནས། ཁུལ་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། དངུལ་རྩའི་བཅོས་སྒྱུར་ལ་གཅིག་འདོམས་བྱེད་པ་དང་། ས་གནས་དངུལ་རྩ་ལས་ཁུངས་ཀྱིས་གྲངས་འཕྲི་སྤུས་འདེགས་བྱེད་པར་སྐུལ་འདེད་གཏོང་བ། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱས་ཏེ། ཕན་ལྡན་དངུལ་རྩའི་དགོས་མཁོ་སྐོང་དགོས། དངུལ་རྩའི་ཞབས་ཞུ་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ་དང་། ཞབས་ཞུའི་མཁོ་འདོན་ཇེ་དྲག་ཏུ་བཏང་སྟེ། དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པ་དང་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ལ་ཞབས་འདེགས་ཞུ་དགོས། དངུལ་རྩའི་ཞབས་ཞུའི་ཤུགས་འདོན་ས་འཚོལ་བ་དང། ཚན་རྩལ་དངུལ་རྩ་དང་ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོ་དངུལ་རྩ། གཞི་གྲངས་དངུལ་རྩའི་བྱ་བ་བཟང་བོར་སྒྲུབ་དགོས། དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་པ་དང་། དངུལ་རྩའི་ལས་ཁུངས་ཀྱི་གནད་འགག་མི་སྣ་དང་ལས་རྐང། དུས་རིམ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས།
ཚོགས་ཐོག་ནས། ལངས་ཕྱོགས་བརྟན་པོས་ཏང་གི་དངུལ་རྩའི་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། དངུལ་རྩའི་བྱ་བའི་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། དངུལ་རྩའི་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་རྒྱུ་དེ་ཏང་འཛུགས་བྱ་བའི་གཙོ་གནད་དུ་བརྩིས་ནས། ཏང་འཛུགས་ཀྱིས་དངུལ་རྩའི་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་དགོས། དངུལ་རྩའི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་པ་དང་། ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ། དངུལ་རྩའི་ཐད་ཀྱི་ཁྲིམས་འཛིན་དང་བཅའ་ཁྲིམས་ཁྱབ་གདལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དངུལ་རྩའི་རིག་གནས་བསྐྱེད་དགོས། དངུལ་རྩའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དངུལ་རྩའི་ཐད་ཀྱི་ཤེས་ལྡན་མི་སྣ་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་ལག་བསྟར་བྱེད་པ། དངུལ་རྩ་སློབ་སྦྱོང་དང་དངུལ་རྩར་རྒྱུས་ལོན་བྱེད་པ། དངུལ་རྩ་བཀོལ་སྤྱོད་བྱེད་པའི་རྐྱེན་སྲོལ་འཛུགས་པ། དཔལ་འབྱོར་དང་དངུལ་རྩ་བསམ་བཀོད་གཅིག་གི་བསམ་བློ་རྒྱུན་འཁྱོངས་བྱས་ནས། དངུལ་རྩའི་བསམ་བློ་དང་དངུལ་རྩའི་བྱ་བའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས།
ཚོགས་ཐོག་ཏུ། ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་ཀྲུང་དབྱང་དངུལ་རྩའི་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་དགོངས་དོན་བརྒྱུད་སྒྲོག་བྱས། ཟི་ལིང་གྲོང་ཁྱེར་དང་ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ་བཅས་ཀྱི་འགོ་ཁྲིད་བློ་མཐུན་གཙོ་བོས་གཏམ་བཤད། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཡིག་ཐོག་བརྗེ་རེས་བྱས།
ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཝང་ཏ་ནན། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། ཀྲུའུ་ཞང་ཧྥིན། ལོའུ་ཀང་། ལིས་ཧུང་ཡ་བཅས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།