ཟླ9པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་པུ་རུན་ཏི་ཡི་ཙུང་ཐུང་ཨི་ཏཱ་དབྱི་ཧྲི་མིས་ཡེ་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་པུ་རུན་ཏི་ཡི་ཙུང་ཐུང་ཨི་ཏཱ་དབྱི་ཧྲི་མིས་ཡེ་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་པུ་རུན་ཏི་ཡི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རུ་མཐོར་འདེགས་གཏོང་རྒྱུ་ཡིན་པ་ཁྱབ་བསྒྲགས་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་མང་པོའི་རིང་ལ། ཀྲུང་གོ་དང་པུ་རུན་ཏི་ཡི་འབྲེལ་བའི་ཐད་ནས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་ནས། ཕན་ཚུན་བརྩི་བཀུར་དང་འཕེལ་རྒྱས་ལ་མཉམ་གྲོས་བྱེད་པའི་གྲོགས་པོ་ངོ་མ་དང་། སྐྱིད་སྡུག་མཉམ་མྱོང་དང་དཔུང་བ་མཉམ་གཤིབ་ཀྱིས་འཐབ་རྩོད་བྱེད་པའི་སྤུན་ཟླ་བཟང་བོར་གྱུར་ཡོད། ཀྲུང་གོ་དང་པུ་རུན་ཏིའི་འབྲེལ་བ་ཇེ་བཟང་དུ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་ལ། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རང་སྤེལ་བྱེད་པར་ཡང་དཔེ་སྟོན་གྱི་དོན་སྙིང་ལྡན། ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་དུས་རིམ་རྗེས་མའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱིས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་སྒུལ་ཤུགས་གསར་པ་བསྣན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་ལྟ་བུ་ཡིན། ཕྱོགས་གཉིས་ཀྱིས་ཐེངས་འདིའི་གླེང་སྟེགས་རྩེ་ཚོགས་ཀྱི་གྲུབ་འབྲས་ལག་བསྟར་བྱེད་རྒྱུ་གོ་སྐབས་སུ་བརྩིས་ནས། ཀྲུང་གོ་དང་པུ་རུན་ཏིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་རྒྱའི་རེ་བ་བཅངས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་པུ་རུན་ཏི་ཡིས་ཕྱི་ཕྱོགས་ཐེ་གཏོགས་ལ་ངོ་རྒོལ་བྱེད་པ་དང་། རང་ཚུགས་རང་བདག་གི་འཕེལ་རྒྱས་ཀྱིས་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། པུ་རུན་ཏི་བར་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་པའི་གནད་དོན་སྟེང་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་པ། བཅོས་སྒྱུར་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ། དབུལ་ཐར་མཁྲེགས་གཏོར་སོགས་ཁྱབ་ཁོངས་ཀྱི་ཉམས་མྱོང་བརྗེ་རེས་དང་ནུས་པ་འཛུགས་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་པ། རྨང་གཞི་སྒྲིག་ཆས་དང་ཞིང་ལས། དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། སྲོལ་རྒྱུན་མཛའ་མཐུན་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད། པུ་རུན་ཏི་སྐབས་དོན་དགུ་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཨུ་ཡོན་ལྷན་ཁང་གསུམ་པའི་ཀྲུའུ་ཞི་རྒྱལ་ཁབ་ཏུ་བདམས་པར་རྟེན་འབྲེལ་ཞུས་པ་ཡིན། ཀྲུང་གོས་པུ་རུན་ཏིའི་བར་གྱི་རྒྱལ་སྤྱིའི་རོགས་ལས་ལ་ཤུགས་སྣོན་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།
ཨིན་ཏཱ་དབྱི་ཧྲི་མིས་ཡེ་ཡིས་བསྟན་དོན། ང་ན་ནིང་ཀྲུང་གོང་ཡོང་ནས་ཁྲིན་ཏུའུ་འཛམ་གླིང་སློབ་ཆེན་པའི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་པའི་བག་ཆགས་གཏིང་ཟབ་ཅིང་བཀྲ་ཤིས་པ་དང་། ད་ཐེངས་ཡང་བསྐྱར་མཛེས་སྡུག་མཛའ་མཐུན་གྱི་ཀྲུང་གོར་འཚམས་འདྲི་བྱེད་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུང་གོས་རྒྱལ་ཁའི་ངང་ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་བསྡུས་པར་རྟེན་འབྲེལ་ཞུས་པ་ཡིན་ལ། པུ་རུན་ཏི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྒྲགས་པའི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དེང་རབས་ཅན་གྱི་གྲོགས་པོའི་འགུལ་སྐྱོད་ཆེན་པོ་བཅུ་ལ་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་སོགས་ཀྱི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་བསྟོད་བསྔགས་ཆེན་པོ་བྱེད་བཞིན་ཡོད། པུ་རུན་ཏི་དང་ཀྲུང་གོའི་འབྲེལ་བའི་ཐད་ནས་ཐུན་མོང་གི་རིན་ཐང་དང་འདུ་ཤེས་རྨང་གཞི་རུ་བྱས་པ་ཡིན། ཀྲུང་གོ་དང་འདྲ་བར། པུ་རུན་ཏིའི་སྲིད་གཞུང་གིས་ཀྱང་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་གྱི་བརྒྱུད་རིམ་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། མི་དམངས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་གཏོང་ན། ཀྲུང་གོའི་རྒྱབ་སྐྱོར་དང་མཉམ་ལས་ཧ་ཅང་གལ་ཆེ། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་པུ་རུན་ཏི་རུ་ཡོང་ནས་དངུལ་གཏོང་བྱེད་པ་དང་། གཏེར་ལས་དང་ཞིང་ལས། རྨང་གཞི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད། པུ་རུན་ཏི་ཡིས་ཀྲུང་གོ་གཅིག་གི་རྩ་དོན་འགྱུར་བ་མེད་པར་བརྩི་སྲུང་བྱེད་པ་དང་། ཀྲུང་གོའི་བར་གྱི་ཕྱོགས་མང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད།
རྩེ་ཚོགས་སྐབས་སུ། ཀྲུང་གོ་དང་པུ་རུན་ཏི་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་འཆར་གཞི་དང་ཐུན་མོང་འཕེལ་རྒྱས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བ། ཞིང་ལས་མཉམ་ལས། འཚིག་ཇའི་སྲན་མ་ཀྲུང་གོར་འདྲེན་པ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།