ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མིང་རྟགས་བཀོད་ནས《དམག་དཔུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》ཁྱབ་བསྒྲགས་གནང་།
2024.09.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

 ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་བཀའ་རྒྱར་མིང་རྟགས་བཀོད་དེ། དམག་དཔུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་ཁྱབ་བསྒྲགས་གནང་བ་དང་།  ཉིས་སྟོང་ཉེར་བཞི་ལོའི་ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། འགོག་སྲུང་གཙོ་བོར་འཛིན་པ། བཅོས་སྐྱོང་དོ་དམ་གལ་ཆེ་མཉམ་དུ་འཛིན་པ། མི་སྣ་ཡོངས་ཞུགས་པ། དམག་དཔུང་དང་ས་གནས་མཉམ་ལས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ།  དོ་དམ་སྒྲིག་སྲོལ་བསྐྱར་དུ་འཛུགས་པ་དང་། བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། འཁོར་སྐྱོད་ལམ་སྲོལ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། ལྗང་མདོག་དམག་སྒར་གཏོད་པར་ཤུགས་སྣོན་བྱས་ཡོད།

《སྲོལ་ཡིག》དེར་ཁྱོན་སྡོམ་ལེའུ6དང་དོན་ཚན50ཡོད་པ་དང་།  བསམ་བློའི་ཁྲིད་སྟོན་འབུར་ཐོན་དང་།  བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས། མ་ལག་ཇུས་འགོད་ལ་མཐོང་ཆེན་བཅས་བྱས་ཡོད་ཅིང་།   དམག་དཔུང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་དང་ལས་འགན་གསལ་བོ་བཟོ་བ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་སྦྲེལ་མཐུད་བྱེད་པ། ཁོར་ཡུག་ལ་ཤུགས་རྐྱེན་ཅི་ཡོད་པར་གདེང་འཇོག་དང་ཞིབ་མཆན་འགོད་པའི་དུས་ཚད་དང་། ཞིབ་མཆན་འགོད་པའི་དབང་ཚད།  དེ་མིན་ཁོར་ཡུག་ལ་གདེང་འཇོག་བྱེད་ཤུགས་སོགས་ཀྱི་དོན་དག་ལེགས་སྒྲིག་དང་། དམག་དོན་བྱ་འགུལ་དང་དམག་དོན་སྒྲིག་བཀོད། དམག་དོན་སྒྲིག་ཆས་སོགས་ཐད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་ཞིབ་ཚགས་བཟོ་བ། དམག་དཔུང་གི་འཐབ་འཛིང་ནུས་པ་གྲུབ་པ་དང་ཇེ་ཆེར་གཏོང་བར་རོགས་རམ་བཅས་བྱས་ནས།  སྐྱེ་ཁམས་ཁོར་ཡུག་གི་ཕན་འབྲས་དང་དམག་དོན་ཕན་འབྲས་མཐུན་སྦྱོར་གཅིག་གྱུར་ཡོང་བར་ལམ་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱས་ཡོད།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།