ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《སློབ་གསོའི་སྐོར་གླེང་བ》ཞེས་པའི་རྩོམ་ཡིག་ཉེ་ལམ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།
ཆེད་དོན་རྩོམ་ཡིག་ཕྱོགས་བསྒྲིགས་འདིའི་ནང་བློ་མཐུན་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་མ་ཡིག་གལ་ཆེན་ཞེ་བདུན་བསྡུས་ཡོད་ཅིང་། དེའི་ནང་གི་མ་ཡིག་ཁག་ཅིག་ཐོག་མར་ཡོངས་བསྒྲགས་བྱས་པ་རེད།
སློབ་གསོ་ནི་མི་རིགས་དར་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་བྱེད་པའི་རྨང་རྡོ་གལ་ཆེན་ཞིག་དང་། བྱས་རྗེས་དེང་འདིར་བཞག་ཅིང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་སྤྱོད་བཟང་སྲིད་སྐྱོང་བཟོ་སྐྲུན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སློབ་གསོ་དེ་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་དུ་འཛིན་པ་རྒྱུན་འཁྱོངས་དང་། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། སློབ་གསོ་དེང་རབས་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་ནས། དུས་རབས་གསར་པའི་སློབ་གསོའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་གྲུབ་ཚུལ་རང་བཞིན་གྱི་འགྱུར་ལྡོག་བྱུང་བར་སྐུལ་འདེད་བཏང་ཡོད། རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེས་ཆེ་བའི་སློབ་གསོའི་མ་ལག་བཙུགས་ཟིན་པ་དང་། སློབ་གསོ་དེང་རབས་ཅན་དུ་བསྒྱུར་བར་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་ཆུ་ཚད་དེ་འཛམ་གླིང་གི་རྒྱལ་ཁབ་འབྲིང་རབ་ཀྱི་གྲས་སུ་སླེབས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སློབ་གསོར་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པས་ཚན་རིག་དང་མཐུན་པའི་སྒོ་ནས“མི་ཅི་འདྲ་ཞིག་སྐྱེད་སྲིང་བྱེད་པ་དང་། མི་ཇི་ལྟར་སྐྱེད་སྲིང་བྱེད་པ། སུའི་ཆེད་དུ་མི་སྐྱེད་སྲིང་བྱེད་པ”བཅས་ཀྱི་རྩ་བའི་གནད་དོན་ལ་ལན་བསྐྱོན་པ་དང་། རང་རྒྱལ་གྱི་སློབ་གསོའི་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཇེ་ཟབ་ཏུ་བཏང་བས། དུས་རབས་གསར་པའི་སྐྱོད་ལམ་གསར་པར་མི་དམངས་ཡིད་ཚིམ་པའི་སློབ་གསོ་ལེགས་པོར་གཉེར་བ་དང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།