རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས་དགུ་ཉིན་གྱི་ཕྱི་དྲོར་སོ་སོར་ནོར་ཝེ་ཡི་དབུ་བཞུགས་བློན་ཆེན་སི་ཐི་ལི་དང་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་གཉིས་ལ་མཇལ་འཕྲད་གནང་།
ཟླ་དགུ་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅིས་པེ་ཅིང་དུ་ནོར་ཝེ་དབུ་བཞུགས་བློན་ཆེན་སི་ཐི་ལི་ལ་མཇལ་འཕྲད་གནང་།
སི་ཐི་ལི་ལ་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ནོར་ཝེའི་འགོ་ཁྲིད་དང་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་དེ་བརྟན་འཇགས་སྒོས་བཟང་ཕྱོགས་སུ་འཕེལ་རྒྱས་སུ་སོང་། ད་ལོ་ནི་ཀྲུང་གོ་དང་ནོར་ཝེའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་ལོ་རེད། ཀྲུང་གོ་ཕྱོགས་ཀྱིས་ནོར་ཝེའི་བར་གྱི་འཐབ་ཇུས་ཡིད་རྟོན་ཇེ་ཆེར་གཏོང་བ་དང་། ཕན་ཚུན་གྱི་འཕེལ་རྒྱས་བགྲོད་ལམ་དང་ཁེ་ཕན་གཙོ་བོ། སེམས་ཁུར་བྱེད་ས་གཙོ་བོ་བཅས་ལ་བརྩི་བཀུར་བྱས་ནས། ལྗང་མདོག་ཐཱན་ཉུང་དང་རིག་གནས། ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་སུ་བརྗེ་རེས་མཉམ་ལས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
སི་ཐི་ལིས་བསྟན་དོན། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་ལྗང་མདོག་ཚུལ་སྒྱུར། རྒྱ་མཚོའི་ཁྱབ་ཁོངས་བཅས་སུ་དངོས་གཉེར་མཉམ་ལས་བྱས་ནས། མཉམ་དུ་འཛམ་གླིང་ཧྲིལ་བོའི་འགྲན་སློང་ལ་ཁ་གཏད་གཞལ་འདོད་ཡོད། ནོར་ཝེས་ཀྲུང་གོའི་བར་གྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་འདོད་ཡོད།
ཟླ་དགུ་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅིས་པེ་ཅིང་དུ་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་མཇལ་འཕྲད་གནང་།
སང་ཆེ་སི་ལ་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅིས་བསྟན་དོན། ཀྲུང་གོ་དང་སི་ཕེན་ནི་གནའ་བོའི་ཤེས་རིག་དང་རིག་གནས་ཀྱི་རྒྱལ་ཁབ་ཆེན་མོ་གཉིས་ཡིན། ཕྱོགས་གཉིས་ཀྱིས་དངོས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་སི་ཕེན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་གསོན་ཤུགས་རྒྱས་སུ་འཇུག་དགོས། ཀྲུང་གོ་ཕྱོགས་ཀྱིས་སི་ཕེན་དང་མཉམ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སི་ཕེན་གྱི་འགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་ལག་བསྟར་བྱས་ཏེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱི་བསྐྲུན་འདོད་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཐད་མ་ལག་རང་བཞིན་གྱི་བཀོད་སྒྲིག་བྱས་ཡོད་ལ། དེས་ཀྲུང་གོ་དང་སི་ཕེན་དང་། ཀྲུང་གོ་དང་ཡོབ་གླིང་གི་མཉམ་ལས་ལ་གོ་སྐབས་གསར་པ་འདོན་སྤྲོད་བྱས་ཡོད།
སང་ཆེ་སིས་བསྟན་དོན། སི་ཕེན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་ཡིད་རྟོན་ཇེ་དྲག་དང་། ཉོ་ཚོང་དང་ཚན་རྩལ། རིག་གནས་སོགས་ཀྱི་ཁྱབ་ཁོངས་སུ་གཉིས་ཕན་བརྗེ་རེས་གཏིང་ཟབ་བྱས་ཏེ། ཁྲིམས་འཛུགས་ལས་ཁུངས་ཀྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་སྔར་ལས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།
ཚའེ་ཏ་ཧྥུན་མཇལ་འཕྲད་ལ་ཞུགས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།