ཟླ9ཚེས9ཉིན་ནས་ཚེས10ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་པ་ཞང་ཀང་དུ་རྟོག་ཞིབ་དང་བརྗེ་རེས་བྱེད་པར་བསྐྱོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞང་ཀང་དང་ཨའོ་མོན་གྱི་ལས་དོན་སྐོར་གནང་བའི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་ལས་དོན་སྐོར་གྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “ཞང་ཀང་དང་མཚོ་སྔོན་གྱིས་ལག་གདང་སྦྲེལ་ནས་གཉིས་ཕན་མཉམ་རྒྱལ་དང་། ལྗང་མདོག་མཚོ་སྔོན་ཞང་ཀང་དུ་སྐྱོད་པའི”བྱ་འགུལ་སྤེལ་བ། 2024ལོའི་མཚོ་སྔོན་དང་ཞང་ཀང་བར་གྱི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་དང་མཉམ་ལས་ཀྱི་འོས་སྦྱོར་ཚོགས་འདུ་འཚོགས་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ། མཚོ་སྔོན་དང་ཞང་ཀང་གཉིས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེའང་ཀྲིན་དབྱིན་གྱིས་འཐུས་མི་ཚོགས་པ་འཁོར་དང་བཅས་པར་ཐུག་འཕྲད་གནང་བར་མ་ཟད། འོས་སྦྱོར་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིས་ཅ་ཁྲའོ་ཡིས་འཐུས་མི་ཚོགས་པར་ཐུག་འཕྲད་བྱས་པར་མ་ཟད་འོས་སྦྱོར་ཚོགས་འདུའི་སྟེང་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ། ཞང་ཀང་དུ་སྡོད་པའི་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲིན་ཡན་ཞུང་གིས་འཐུས་མི་ཚོགས་པ་དང་ བཞུགས་མོལ་བརྗེ་རེས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་འོས་སྦྱོར་ཚོགས་འདུར་ཞུགས་པར་མ་ཟད་གཙོ་དོན་གཏམ་བཤད་སྤེལ།
ལེའང་ཀྲིན་དབྱིན་གྱིས་བསྟན་དོན། ཞང་ཀང་ནི་རྒྱལ་ཁབ་ཀྱི་ཚད་མཐོའི་རྒྱལ་སྤྱི་ཅན་དང་། ཚད་མཐོའི་སྒོ་འབྱེད། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་བཅས་གཙོ་བོར་བྱེད་པའི་དཔལ་འབྱོར་དངོས་ཕུང་ཞིག་ཡིན་པའི་ཆ་ནས། རྒྱལ་སྤྱིའི་ཉོ་ཚོང་ཁྲོད་ཀྱི་རང་ཉིད་ཀྱི་གོ་གནས་ལ་བརྟེན་ནས་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ཀྱི་རྒྱལ་སྤྱིའི་ཁྲོམ་ར་རྒྱ་སྐྱེད་པར་རོགས་རམ་བྱེད་ཐུབ་པ་དང་། ཁྲོམ་ར་སྔར་ལས་ཆེ་བ་ནས་རིན་གོང་སྔར་ལས་བཟང་བོ་ཐོབ་རྒྱུ་ནི་མཚོ་སྔོན་གྱི་ཁེ་ལས“ཕྱི་རུ་སྐྱོད་པའི” སྟེགས་བུ་བཟང་བོ་ཡིན་ཞིང་། ལྷག་པར་དུ་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་ཀྲུང་གོའི་བཟོ་སྐྲུན་སྤུས་རྟགས་གཏོད་པར་ཞང་ཀང་ལ་དམིགས་བསལ་གྱི་ལེགས་ཆ་ལྡན་པ་དང་ལེགས་འགྲུབ་ཀྱི་ཉམས་མྱོང་ཡང་ལྡན་པས། ཐེངས་འདིའི་བྱ་འགུལ་དེ་མཚོ་སྔོན་དང་ཞང་ཀང་མཉམ་ལས་ཀྱི་འབྲེལ་མཐུད་བྱེད་ས་གསར་པ་དང་། དུས་མཚམས་གསར་པ། འཕར་གཞི་གསར་པ་བཅས་སུ་འགྱུར་ངེས་ཡིན། མཚོ་སྔོན་དང་ཞང་ཀང་མཉམ་ལས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ། མཚོ་སྔོན་དང་ཞང་ཀང་གཉིས་ཀྱིས་མཐུན་སྦྱོར་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་བྱེད་པ་དང་། ཕྱོགས་གཉིས་ཀྱི་དགོས་མཁོར་རྒྱུས་ལོན་གཏིང་ཟབ་བྱེད་པ། རང་རང་སོ་སོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཐོན་ལས་གནད་སྨིན་སྦྲེལ་མཐུད་ལ་ཤུགས་སྣོན་བཅས་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་དང་། རིག་གནས་ཡུལ་སྐོར། ལྗང་མདོག་རྩིས་ནུས། ཞིབ་བཤེར་ཚད་ལེན་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་ཚེ། མཚོ་སྔོན་དང་ཞང་ཀང་གཉིས་བར་གྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་དང་སྐས་རིམ་སྔར་ལས་མཐོ་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། ས་ཁུལ་གཉིས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་མཉམ་དུ་སྒུལ་ཤུགས་གསར་པ་སྣོན་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་སྔར་ལས་ལེགས་པོའི་སྒོ་ནས་མཉམ་འདྲེས་དང་དེར་ཞབས་འདེགས་ཞུ་ཐུབ།
ལིས་ཅཱ་ཁྲའོ་ཡིས་འཐུས་མི་ཚོགས་པ་འཁོར་དང་བཅས་པ་ཞང་ཀང་དུ་འཚམས་འདྲིར་ཡོང་ནས་མཚོ་སྔོན་དང་ཞང་ཀང་ས་ཁུལ་གཉིས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་། མཚོ་སྔོན་དང་ཞང་ཀང་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་ལེགས་པོ་གཏོང་བར་དགའ་བསུ་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན།“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་འདོན་པ་བཅས་ཀྱི་ཁྲོད་འཐབ་ཇུས་ཀྱི་ནུས་པ་གལ་ཆེན་འདོན་བཞིན་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་འོག ཞང་ཀང་ལ“མེས་རྒྱལ་ལ་རྒྱབ་རྟེན་དང་འཛམ་གླིང་ལ་འབྲེལ་མཐུད་བྱེད” པའི་ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན་ཞིང་། མཚོ་སྔོན་གྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་དང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད། དེ་ནི་མཚོ་སྔོན་གྱི་ཆེས་ཆེ་བའི་མངའ་ཁོངས་ཕྱིའི་དངུལ་གཏོང་གི་ཡོང་ཁུངས་ཡིན། “མི་སྒེར་གྱི་ཡུལ་སྐོར”འཆར་གཞི་ད་ལོའི་ཟླ5པར་མཚོ་སྔོན་ཟི་ལིང་དུ་རྒྱ་སྐྱེད་པ་དང་། ཟི་ལིང་དང་ཞང་ཀང་བར་གྱི་ཐད་འཕུར་མཁའ་ལམ་ད་ལོའི་ཟླ7པར་ཤར་གཏོང་བྱུང་བ་དང་བསྟུན་ནས། མཚོ་སྔོན་དང་ཞང་ཀང་ས་ཁུལ་གཉིས་ཀྱི་དམངས་སེམས་འབྲེལ་མཐུད་བྱུང་ནས་མཉམ་ལས་དང་བརྗེ་རེས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྔར་ལས་སྐུལ་འདེད་བཏང་ཡོད། མ་འོངས་པར་ཞང་ཀང་གི“རིམ་འདས་འབྲེལ་གཏུག་མི་སྣ”དང“ཚད་བརྒལ་རིན་ཐང་འཕར་མཁན”གྱི་གནས་བབ་མུ་མཐུད་དུ་བེད་སྤྱོད་ཡག་པོ་བྱས་ཏེ། མཚོ་སྔོན་དང་ལག་གདང་སྦྲེལ་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན། མཚོ་སྔོན་གྱི་གྲོགས་པོ་ཞང་ཀང་དུ་ཡོང་ནས་ཞང་ཀང་གི་གསོན་ཤུགས་དང་ཡིད་དབང་འཕྲོག་ཤུགས་མྱོང་རོལ་དང་། ཞང་ཀང་གི་བཅོས་སྐྱོང་དང་དར་རྒྱས་གཏོང་བའི་སྐྱོད་ལམ་གསར་པའི་ཐོག་གི་སྒུལ་ནུས་གསར་པ་དང་། འཕེལ་རྒྱས་གསར་པ། གོ་སྐབས་གསར་པ་བཅས་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་པར་དགའ་བསུ་ཞུ་བ་ཡིན།
ཀྲིན་ཡན་ཞུང་གིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་བྱས། ཁོས་བསྟན་དོན། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་། ཐོན་ལས་ཀྱི“ གནས་བཞི”འཛུགས་སྐྲུན་བྱེད་པ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གོམ་པ་བརྟན་པོ་སྤོས་ཡོད། ཐེངས་འདིའི་བྱ་འགུལ་བདེ་ལེགས་ངང་སྤེལ་བ་དེས་མཚོ་སྔོན་དང་ཞང་ཀང་བར་གྱི་བརྗེ་རེས་དང་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། ལེགས་ཆ་ཕན་ཚུན་ཁ་གསབ་བྱེད་པར་སྐུལ་འདེད་གཏོང་བ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་ཐུབ་ངེས་ཡིན། ཞང་ཀང་དུ་སྡོད་པའི་འབྲེལ་གཏུག་གཞུང་སྒྲུབ་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཀྲུང་དབྱང་གི་མངགས་བཅོལ་གལ་ཆེན་ཕྲག་ཏུ་ལེན་པ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་པ། “རིམ་འདས་འབྲེལ་གཏུག་པ”དང“ཚད་བརྒལ་ཞབས་ཞུ་བ”ཡི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རང་འགུལ་ངང་ལས་དོན་ཧུར་ཐག་གིས་སྒྲུབ་པ་བཅས་བྱས་ཏེ། ཞང་ཀང་དང་མཚོ་སྔོན་ས་གནས་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཕྱོགས་སུ་བསྐྱོད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་བཅས་ཀྱི་ཚབ་བྱས་ནས་ཀྲུའུ་ཞི་གཞོན་པ་ལེའང་ཀྲིན་དབྱིན་དང་། སྲིད་འཛིན་དཔོན་ལིས་ཅཱ་ཁྲའོ། ཀྲུའུ་རིན་ཀྲིན་ཡན་ཞུང་། ཞང་ཀང་གི་ལས་རིགས་སོ་སོའི་གྲོགས་པོ་བཅས་ལ་ཐུགས་རྗེ་ཆེ་ཞུས།
ཁོས་བཤད་རྒྱུར་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་བ་དང་། དྲིན་ཚོར་ཡར་བརྩོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་གནང་བའི་བརྗིད་ཆེའི་འཆར་གཞི་ལྟར་མདུན་དུ་སྐྱོད་པ་དང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་ཧུར་ཐག་གིས་ཞུགས་པ་དང་དེར་ཞབས་འདེགས་ཞུ་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་ཤུགས་སྣོན་བཅས་བྱས་ཏེ། ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་པོ་བསུས་ཡོད། མཚོ་སྔོན་ནི་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པའི་ཞིང་ཆེན། འཐབ་ཇུས་ཀྱི་ཞིང་ཆེན་གལ་ཆེན་ཞིག་བཅས་ཡིན་པ་དང་། ཞང་ཀང་ནི་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་དང་། མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས། ཉོ་ཚོང་ལྟེ་གནས་བཅས་ཡིན་པས། ས་གནས་གཉིས་ཀྱི་མཉམ་ལས་ཀྱི་མདུན་ལྗོངས་ཡངས་ཤིང་རྒྱ་ཆེ་ལ། ཞང་ཀང་ས་ཁུལ་གྱི་རྒྱ་ཆེའི་ཁེ་ལས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་རྟགས་ཇུས་འགོད་དང་། ཚད་གཞི་གཏན་འཁེལ། ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་བཅས་ཀྱི་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། ས་གནས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་། ཐོན་ལས། ཚན་རྩལ། དངོས་ཟོག་སྐྱེལ་འདྲེན། ཡུལ་སྐོར། སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་ཟབ་སྤེལ་བྱེད་པ། མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ཀྱིས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བ། ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ་དང་གཏིང་ཟབ་པའི་བརྗེ་རེས་དང་མཉམ་ལས་ཀྱི་རྣམ་པ་གསར་པ་འཛུགས་པ་བཅས་བྱས་ཏེ། མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྔར་ལས་ཆེ་བ་འབུལ་བར་དགའ་བསུ་ཞུ་བ་ཡིན།
ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧུང་གིས་འོས་སྦྱོར་ཚོགས་འདུར་མགོ་འཛིན་བྱས། ཞང་ཀང་དུ་སྡོད་པའི་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་དབྱིན་ཙུང་ཧྭ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་སྲིད་དོན་སིའི་སི་ཀྲང་གཞོན་པ་ཀྲོ་ཡུང་ཞིན་འོས་སྦྱོར་ཚོགས་འདུར་ཞུགས་ཤིང་། ཞང་ཀང་ཉོ་ཚོང་འཕེལ་རྒྱས་ཅུས་ཀྱི་འགོ་གཙོ་ཧྥང་ཧྲུན་ཝུན་གྱིས་ཤིས་ཚིག་ཕུལ། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིན་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་འགན་འཁུར་བས་སོ་སོར་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་སྐྱེ་ཁམས་ཡུལ་སྐོར་འོས་སྦྱོར་བྱས། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་། ས་ཁུལ། ཁེ་ལས། ཞང་ཀང་འབྲེལ་ཡོད་ཕྱོགས་བཅས་ཀྱིས་མཉམ་ལས་ཀྱི་གྲོས་མཐུན་རབ་དང་རིམ་པར་མིང་རྟགས་བཀོད་དེ། ཁྱོན་སྡོམ་རྣམ་གྲངས18ལ་མིང་རྟགས་བཀོད་པ་དང་། མིང་རྟགས་བཀོད་པའི་མ་དངུལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་གསུམ་ལྷག་ཏུ་བསླེབས་ཡོད།
ཞང་ཀང་གི་འབྲེལ་ཡོད་ལས་ཁུངས་དང་། ཚོང་ལས་མཐུན་ཚོགས། བཟོ་ཚོང་ལས་རིགས་བཅས་ཀྱི་འཐུས་མི་དང་དེ་མིན་ཞང་ཀང་དང་ཨའོ་མོན་གྱི་མཚོ་སྔོན་སྲིད་གྲོས་ཨུ་ཡོན་ཁ་ཤས་དང་། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་ས་ཁུལ་དང་། སྡེ་ཁག ཁེ་ལས་བཅས་ཀྱི་འགན་ཁུར་བ50ཙམ་འོས་སྦྱོར་ཚོགས་འདུར་ཞུགས།
ཞང་ཀང་དུ་ཡོད་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་པ་འཁོར་དང་བཅས་པས་སྔ་རྗེས་སུ་ཞང་ཀང་གི་བཟོ་ལས་སྤྱི་ཁྱབ་ཚོགས་པ་དང་། ཚོང་འགུགས་ཅུས་སྡེ་ཚོགས། ཧྭ་རུན་སྡེ་ཚོགས། ཞང་ཀང་ཚན་རིག་གླིང་བཅས་ལ་འཚམས་འདྲི་དང་རྟོག་ཞིབ་བྱས་ཏེ། ས་གནས་གཉིས་ཀྱི་མཉམ་ལས་ཟབ་སྤེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་ཐད་བཞུགས་མོལ་བརྗེ་རེས་བྱས་པ་དང་། ཐུན་མོང་གི་ངོས་འཛིན་རབ་དང་རིམ་པ་བྱུང་ཡོད།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།