ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
2024.09.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ9པའི་ཚེས11ཉིན་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། བུད་མེད་ནི་མིའི་རིགས་ཀྱི་དཔལ་ཡོན་དང་སྤྱི་ཚོགས་གོང་འཕེལ་གྱི་སྐུལ་འདེད་མཁན་གཙོ་བོ་ཡིན་ཞིང་། ལས་རིགས་སོ་སོར་སྤྱིར་བཏང་མིན་པའི་གྲུབ་འབྲས་བསྐྲུན་ཡོད། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་གླེང་སྟེགས་སྤེལ་བའི་ཚུན་ལ། རྒྱལ་ཁབ་སོ་སོའི་བུད་མེད་ཀྱིས་ཧྲང་ཧེའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས། སྔར་ལས་དམ་ཟབ་ཀྱི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་བུད་མེད་ཀྱི་སྟོབས་ཤུགས་ཕུལ་ཡོད། གླེང་སྟེགས་དེས་མུ་མཐུད་དུ་རྒྱལ་ཁབ་སོ་སོའི་མི་དམངས་བར་མཛའ་བརྩེ་ཟབ་པ་དང་སེམས་པ་གཅིག་ཏུ་འབྲེལ་བར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ནས། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མི་གཞུང་གི་སྦྲེལ་ཐག་ཇེ་དམ་དུ་གཏོང་བར་སྒུལ་ཤུགས་སྣོན་པར་རེ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ། གཞི་གྲངས་ཀྱི་ནུས་སྩོལ་ལ་བརྟེན་ནས་ཚན་རྩལ་གསར་གཏོད་དང་བུད་མེད་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྔར་ལས་མཛེས་སྡུག་ལྡན་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞིས་མཉམ་དུ་འཛུགས་སྐྲུན་བྱེད་འདོད་ཡོད་ཅེས་གསུངས།

ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་བུད་མེད་གླེང་སྟེགས་ནི་ཉིན་དེར་ཧྲན་ཏུང་ཞིང་ཆེན་ཆིན་ཏའོ་གྲོང་ཁྱེར་ནས་སྤེལ་མགོ་བརྩམས་པ་དང་། རྒྱལ་ཡོངས་བུད་མེད་མནའ་འབྲེལ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ཡོན་ལྷན་ཁང་། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་དྲུང་ཡིག་ཁྲུའུ་བཅས་ཀྱིས་མཉམ་དུ་སྤེལ་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།