ཞི་ཅིན་ཕིང་གིས་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ཚུར་སྣང་ཆེན་པོ་བྱུང་།
2024.09.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

སློབ་གསོ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་སྟེང་དུ་གསུང་བཤད་གལ་ཆེན་གནང་ནས། 2035ལོར་སླེབས་པ་ན། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུ་དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་མངོན་འགྱུར་བྱེད་པའི་སྣེ་སྟོན་གྱི་ལས་འགན་དང་རྨང་གཞི་བརྟན་པོ། འཐབ་ཇུས་ཀྱི་འདེགས་སྐྱོར་བཅས་ཡིན་པས། ངེས་པར་དུ་གཏན་འཁེལ་བྱས་ཟིན་པའི་དམིགས་འབེན་ཕྱོགས་སུ་བརྟན་པོའི་ངང་མདུན་སྐྱོད་བྱེད་དགོས་ཞེས་ནན་གྱིས་གསུངས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེར་རྒྱལ་ཡོངས་ཀྱི་སློབ་གསོའི་ལས་དོན་པའི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།

ཞི་ཅིན་ཕིང་གིས་ང་ཚོས་ཅིས་ཀྱང་བསྐྲུན་དགོས་པའི་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཡིན་པས། བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་ནུས་པ་དང་འཇོན་མིའི་འགྲན་རྩོད་ནུས་པ། ཚན་རྩལ་གྱི་འདེགས་སྐྱོར་ནུས་པ། དམངས་འཚོའི་འགན་ལེན་ནུས་པ། སྤྱི་ཚོགས་ཀྱི་མཐུན་སྦྱོར་ནུས་པ། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་བཅས་ཆེན་པོ་ལྡན་དགོས་ཞེས་ནན་གྱིས་གསུངས། རྒྱ་ཆེའི་སློབ་གསོའི་ལས་དོན་པ་ཚོས། སྤྱི་ཁྱབ་ཧྲུའུ་ཅིས་སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་དམིགས་བསལ་ཆེན་པོ་དྲུག་གི་རྒྱས་བཤད་ཁྲོད་དུ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་དགོས་པའི་ཚན་རིག་གི་ནང་དོན་ལ་གཟིགས་རྒྱང་རིང་བའི་སྒོ་ནས་རྒྱས་བཤད་གནང་ཡོད་པ་དེ་ནི། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་སློབ་གསོའི་ལས་དོན་གྱི་མཛུབ་སྟོན་གལ་ཆེན་ཞིག་ཏུ་འགྱུར་ངེས་གཏན་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུར་དམ་པོར་དམིགས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བླ་སྲོག་བསྐྲུན་རྒྱུ་དང་མི་སྣ་གསོ་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་ཞེས་གསུངས། རྒྱ་ཆེའི་སློབ་གསོའི་ལས་དོན་པ་ཚོས་ངེས་པར་དུ་སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། ལོ་ཆུང་གཞོན་ནུ་ཚོར་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འདུན་པ་ཆེན་པོ་འཛུགས་པ་དང་འགན་འཁྲི་འཁུར་ཕོད་པ་ཞིག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་སྤྱི་འདོམས་ལག་བསྟར་གང་ལེགས་བྱས་ཏེ། སློབ་གསོ་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད། འཇོན་མི་གསོ་སྐྱོང་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སློབ་གསོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་། སྔར་ལས་གཞུང་དྲང་གི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱེད་དགོས།  སློབ་གསོའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་ཟབ་མོ་བཏང་ནས། འཛམ་གླིང་ཧྲིལ་པོའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོའི་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་དགོས་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།