མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
2024.09.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ9པའི་ཚེས14ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་འགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་དང་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་སྟེང་དང་། ཀན་སུའུ་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས་ཤིང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་མཐོ་ཚད་དུ་འགྲེང་ནས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རེ་བ་གསར་པ་བཏོན་པ་དང་བཀོད་སྒྲིག་གསར་པ་གནང་ལ། ང་ཚོས་འགོ་འཛུགས་ས་སྔར་ལས་མཐོན་པོའི་སྟེང་འབྲེལ་ཡོད་བྱ་བ་བཟང་བོར་སྒྲུབ་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་རྒྱུ་དེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་དུས་རབས་གསར་པར་ནུབ་རྒྱུད་གསེར་སྤེལ་ཆེན་པོ་བྱེད་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ཟུང་འབྲེལ་བྱས་ནས། གོ་དོན་མཐིལ་རྟོགས་ཀྱིས་རྒྱུས་ལོན་བྱེད་པ་དང་གཞི་གཅིག་ཏུ་ལག་བསྟར་བྱེད་དགོས། སྲུང་སྐྱོབ་དང་བཅོས་སྐྱོང་གཙོར་འཛིན་པའི་འཐབ་ཇུས་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་ཆེན་པོ་ལག་བསྟར་ཟབ་མོ་བྱེད་པ། འགོ་ཁུངས་ས་ཁུལ་གྱི་ཆུ་འགོའི་ཆུ་གསོག་རྩོལ་ནུས་མཐོར་འདེགས་གཏོང་བ། བཞུར་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། འགན་འཁྲི་མཉམ་ཁུར་དང་བཞུར་རྒྱུད་ཀྱི་ཁོར་ཡུག་མཉམ་སྐྱོང་། སྐྱེ་ཁམས་ཀྱི་ཕན་འབྲས་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས། བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཆེན་པོ་དང་མཉམ་ལས་ཆེན་པོའི་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས། ཆུ་དཔགས་ལས་སྒྲུབ་དང་ཆུ་གྲོན་ཆུང་བྱེད་པ་རྒྱུན་འཁྱོངས་བྱེད་ན། ཆུ་ལ་བརྟེན་ནས་གཏན་ཁེལ་བྱེད་པ་བཞིའི་རྩ་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཐོན་ལས་དང་དམངས་ཚིས་ཕྱོགས་ཀྱི་ཆུ་བཀོལ་དགོས་མཁོ་ལ་གཅིག་འདོམས་སྒོས་བསམ་གཞིགས་བཏང་སྟེ། ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་བེད་སྤྱོད་བཟང་བོ་བྱེད་དགོས། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་ན། སྒྲུབ་རིན་ཡོད་མེད་ལ་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་བཟང་བོ་དམ་འཛིན་བྱས་ནས། ལྗང་མདོག་ཐཱན་དམའ་དང་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྣམ་པ་གསར་པའི་གྲོང་གསེབ་ཅན་དང་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་གཉིས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་དང་ལེགས་བསྡུས་ཚགས་དམ་སྒོས་བཀོད་སྒྲིག་བྱེད་པར་སྣེ་ཁྲིད་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚད་ཇེ་མགྱོགས་སུ་གཏོང་དགོས། རྨ་ཆུའི་རིག་གནས་སྲུང་སྐྱོབ་དར་སྤེལ་གཏོང་བ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་དང་ནུས་སྐྱེད་བེད་སྤྱོད་བྱེད་པར་ཤུགས་སྣོན་པ། རིག་གནས་དང་གནས་སྐོར་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ། རྨ་ཙོང་རིག་གནས་དུས་རབས་ཀྱི་གོ་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་དགོས།

ཚོགས་འདུའི་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་ལག་ཆེན་དེ། མཚོ་སྔོན་ལ་ཡང་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་ཁུལ་གནས་མཉམ་མཐུད་དང་གནས་ཚུལ་འདྲ་མཚུངས་ཡིན་ལ། འཕེལ་རྒྱས་ཀྱི་དུས་རིམ་འདྲ་བས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྦྲེལ་མཐུད་བྱས་ནས་མཉམ་དུ་ལག་བསྟར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གཞི་གཅིག་ཏུ་སྲུང་སྐྱོབ་དང་མ་ལག་ལྡན་པའི་ངང་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་རྒྱུན་མ་ཆད་པར་ཇེ་བརྟན་དུ་གཏོང་དགོས། ངེས་གནས་ཡང་དག་བཙལ་ནས་བཅོས་སྒྱུར་འཕེལ་རྒྱས་ལ་ཇུས་འགོད་བཟང་བོ་བྱེད་པ་དང་། གནས་བཞི་མཉམ་བསྲེས་དང་ལྗང་མདོག་རྩིས་ནུས་སོགས་ཁྱད་ལྡན་དགེ་མཚན་ཐོན་ལས་དར་སྤེལ་གཏོང་དགོས། མཐོ་སྒང་གི་ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས། ཅི་ཧྲི་ཧྲན་ས་ཡོམ་གྱི་གནོད་འཚེ་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བ་བཟང་བོར་སྒྲུབ་སྟེ། ནུས་ཤུགས་ཅི་ཡོད་འདོན་པ་དང་རང་ནུས་གསལ་བོར་ཤེས་པར་བྱས་ཏེ་དམངས་ཚིས་འགན་སྲུང་དང་སྤྱི་ཚོགས་བཅོས་སྐྱོང་གི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས། ཏང་དང་དཔོན་རིགས་ལ་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བའི་རྐྱེན་སྲོལ་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་ནས། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་ལ་བརྟེན་ནས་ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་ལས་སྒྲུབ་ལས་སྐྲུན་གྱི་སྣང་ཚུལ་བཟང་བོ་བསྐྲུན་ད་གོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དམིགས་བྱ་མཐོ་ཞིང་དགོངས་པ་གཏིང་ཟབ་པ་དང་། གོ་དོན་ཕུན་སུམ་ཚོགས་ལ། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སློབ་གསོའི་བྱ་བར་ཁྲིད་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྐྱེད་མི་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱོད་བརྟེན་མི་སྐྱོང་གི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། བཅོས་སྒྱུར་གསར་གཏོད་ལ་བརྟེན་ནས་བསམ་བློ་ཆབ་སྲིད་སློབ་གསོ་དམ་འཛིན་བཟང་བོ་བྱེད་དགོས། སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་ཁེབས་ཚད་སྔར་ལས་རྒྱ་བསྐྱེད་པ་དང་། མི་གྲངས་འགྱུར་ལྡོག་དང་གྲོང་གསེབ་ཅན་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་སྒོས་འཕེལ་རྒྱས་སུ་གཏོང་དགོས། ལས་རིགས་སློབ་གསོ་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་སློབ་མཉམ་བསྲེས་ཟབ་མོ་བྱས་ཏེ། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་འདེགས་སྐྱོར་ཤུགས་ཆེན་བྱེད་དགོས། སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། སློབ་གསོ་གཞི་གྲངས་ཅན་དང་རིག་ནུས་ཅན་གྱི་བཅོས་སྒྱུར་མགྱོགས་མྱུར་སྒོས་སྤེལ་ནས། སློབ་གསོའི་འཇོན་མིའི་བརྗེ་རེས་དང་ཚན་རིག་ཞིབ་འཇུག་གི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། དགེ་རྒན་གྱི་ཟླ་ཕོགས་འགན་སྲུང་ལ་ཤུགས་སྣོན་པ། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ལ་ཤུགས་བསྣན་ནས། དུས་རབས་གསར་པའི་ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་སྐྱེད་སྲིང་བྱེད་དགོས།

ཚོགས་འདུའི་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་དང་ཀོང་ཏུང་སོགས་ས་ཆའི་མཚོ་རླུང་གནོད་འཚེའི་ཐད་བཀོད་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། མིག་སྔར་རང་ཞིང་དུ་ཆར་འབབ་མཚམས་ད་དུང་བཞག་མེད་པས། ཞོད་འགོག་དང་གནོད་སྐྱོབ་གཉིས་མཉམ་དུ་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཉེན་ཁ་གྲལ་བཤེར་དང་དག་སེལ་བྱས་ནས། ཞོར་ཐོན་ས་གཤིས་གནོད་འཚེ་འབྱུང་བར་བཀག་འགོག་ནན་མོ་བྱེད་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་ཧ་ཅང་མཐོང་ཆེན་བྱེད་པ་དང་། བསྟུད་མར་ལས་སྒྲུབ་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་བ། ནུས་ཤུགས་ཡོད་རྒུས་འགན་འཁྲི་ལག་བསྟར་བྱེད་པ། བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་སེལ་བྱེད་པ། ང་ཚོའི་བྱ་བའི་ཆེས་ཆེ་བའི་གཏན་ཁེལ་རང་བཞིན་གྱིས་ཆེས་ཆེ་བའི་གཏན་ཁེལ་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབབྱེད་དགོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོའི་སྟེང་གནང་བའི་གཙོ་དོན་གསུང་བཤད་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་གྱི་གནས་ཚུལ་ལ་རྐང་འཛུགས་པ། དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་སོགས་ཁྱད་ལྡན་དགེ་མཚན་ཐོན་ལས་གཙིགས་སུ་འཛིན་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་འདྲེས་པར་བྱེད་པ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་བར་གྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་ཆེད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

ཚོགས་འདུའི་སྟེང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་དང་སྐྱེ་ཁམས་སྲུང་སྐྱོབ། རྩོལ་ནུས་ཁུལ་བགོས་དང་བར་སྟོང་བཀག་སྡོམ་སོགས་ཀྱི་ཆེད་དོན་འཆར་འགོད་ལ་གྲོས་ཞིབ་བྱས། ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་གོ་གནས་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། འཆར་འགོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། འཆར་འགོད་ཀྱི་ཚོད་འཛིན་ཇེ་དྲག་ཏུ་གཏོང་བ། འཆར་འགོད་ལག་བསྟར་གྱི་མ་ལག་རང་བཞིན་ལ་དོ་སྣང་བྱེད་པ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བདག་གཉེར་འཁོར་རྒྱུག་བྱེད་ཆོག་པའི་ལམ་ལུགས་མ་ལག་དང་འབྲེལ་ཡོད་དོ་དམ་བྱེད་ཐབས་ལ་ཇུས་འགོད་ཞིབ་མོ་བྱས་ནས། ཁྲིམས་སྲོལ་ལྟར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་བ་བཟང་བོར་སྒྲུབ་དགོས།

ཚོགས་འདུའི་སྟེང་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས། ཚོགས་འདུའི་སྟེང་ནནན་གྱིས་བསྟན་དོན། གོང་དཔེ་འོག་སྟོན་དང་མཉམ་འབད་མཉམ་བརྩོན་བྱེད་རྒྱུ་འབུར་དུ་ཐོན་པར་བྱེད་པ་དང་། འགོ་ཁུངས་བཅོས་སྐྱོང་དང་རིགས་བགར་ཁྲིད་སྟོན་ལ་ཤུགས་སྣོན་པ། རྟོག་ཞིབ་དང་ཞིབ་བཤེར་དཔྱད་ཞིབ་སོགས་ཀྱི་རྣམ་པ་གསར་གཏོད་བྱེད་པ། ཚད་ཆེ་ཤོས་ཀྱིས་ཕྱི་ཚུལ་རིང་ལུགས་འབྱུང་བའི་བར་སྟོང་ཇེ་ཆུང་དུ་གཏོང་བ། རྩ་ལག་མཉམ་བཅོས་བྱེད་པར་སྐུལ་འདེད་བཏང་སྟེ། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས།

ཚོགས་འདུའི་སྟེང་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།