
ཟླ9པའི་ཚེས18ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་དང་། ཀན་སུའུ་རུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། སྲུང་སྐྱོབ་གཙོ་བོར་འཛིན་པ་དང་བཅོས་སྐྱོང་དམ་འཛིན་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ལས་གཞི་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་མུ་མཐུད་དུ་ཡག་པོར་སྤེལ་བ། འགོ་ཁུངས་ཁུལ་གྱི་ཆུ་ཁུངས་གསོ་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། འགོ་ཁུངས་ཀྱི་འགན་འཁྲི་བརྟན་པོར་འཁུར་བ། ཆུ་གཞུང་གི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། གལ་ཆེ་བ་དམ་འཛིན་དང་གལ་མི་ཆེ་བ་ཟུར་འཇོག་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་སྔར་ལས་རང་འགུལ་ངང་ཞུགས་པ་དང་དེར་ཞབས་འདེགས་ཞུ་བ་དང་། “གནས་བཞི”འཛུགས་སྐྲུན་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། མཚོ་སྔོན་གྱི་ཁྱད་ཆོས་དང་ཁྱད་སྟོབས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་གང་ཐུབ་བཅས་བྱེད་དགོས་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་དང་། རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་གྲོང་གསེབ་དར་སྤེལ་གཏོང་བར་གཅིག་གྱུར་འཆར་འགོད། རྫོང་མཁར་གྱིས་གྲོང་ཁྱེར་དང་འབྲེལ་མཐུད་དང་གྲོང་གསེབ་ལ་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། སྡོད་བདེ་ལས་འཚམ་དང་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས་པ། རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། རྨ་ཆུའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་ནན་གྱིས་བསྟན།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པའི་སྤྱོད་བཟང་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ། སློབ་གསོ་འཕེལ་རྒྱས་དང་། ཚན་རྩལ་གསར་སྐྲུན། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་དང་། སློབ་གསོའི་ཕྱོགས་བསྡུས་བཅོས་སྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཏེ། རྨང་གཞིའི་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་དང་། ལས་རིགས་སློབ་གསོའི་སྤུས་ཚད་མཐོར་འདེགས་དང་ཕུལ་བྱུང་གསོ་སྐྱོང་འཕེལ་རྒྱས། མཐོ་རིམ་སློབ་གསོའི་ཁྱད་ཆོས་ལྡན་པའི་ནང་དོན་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་དང་། སློབ་གསོར་བརྟེན་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་རིམ་སྤོར་ལེགས་བཅོས་ལ་སྐུལ་འདེད་གཏོང་བ། སློབ་གསོ་གྲངས་འཛིན་ཅན་དང་རིག་ནུས་ཅན་དུ་འགྱུར་བའི་བཅོས་སྒྱུར་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་ཆུ་ཚད་མཐོ་བའི་དགེ་རྒན་དཔུང་སྡེ་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་དང་ཀོང་ཏུང་སོགས་ས་ཁུལ་གྱི་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་ཀྱི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། ས་གཤིས་གནོད་འཚེ་ཡི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཉེན་གཡོལ་གནས་སྤོ་བྱེད་ཤུགས་ཆེ་རུ་གཏོང་བ། གནོད་ཤུལ་སླར་གསོ་དང་བསྐྱར་འཛུགས་བྱ་བ་ཡག་པོར་སྒྲུབ་དགོས་པ་དང་། བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་པ་རྒྱུན་འཁྱོངས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་སོ་སོ་དང་ལྗང་མདོག་འཕེལ་རྒྱས་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཕྱི་ནང་གི་སྒོ་འབྱེད་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་པ། དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ་རང་རྟོགས་སྒོས་དང་ལེན་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་དགོས་པ་བཅས་ནན་གྱིས་བསྟན།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་ཏང་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཕྱོགས་བསྡོམས་དང་བེད་སྤྱོད་ལེགས་པོ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ་དང་། ཡང་དག་པའི་དབང་ཆའི་ལྟ་བ་དང་། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ། ལས་དོན་གྱི་ལྟ་བ་བཅས་བརྟན་པོར་འཛུགས་པ་དང་།“ལས་བྱེད་པས་ལས་ལ་འབད་དགོས་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ”བཅས་ཀྱི་ལས་སྒྲུབ་ལས་སྐྲུན་གྱི་རྣམ་པ་རྒྱུན་མཐུད་ངང་བསྐྲུན་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་དང་ཕན་འབྲས་དངོས་སུ་འགྱུར་བར་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བསམ་ཕྱོགས་བྱེད་ཐབས་དང་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ཡར་ཞུར་ཉན་པ་དང་། བཅོས་སྒྱུར་གྱི་བྱེད་ཐབས་སྣ་ཚོགས་སྔར་ལས་ཞིབ་ཚགས་བཟོ་བ་དང་ལེགས་སྒྲིག་བྱས་ཏེ། འཆར་འགོད་བཟོ་བ་དང་ཇུས་གཞི་བཟོ་བ། ལས་གཞི་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས། ལམ་ལུགས་གསར་སྐྲུན་སོགས་ཀྱི་ཐད་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཁག་གཅིག་ཐོབ་པར་བྱེད་དགོས་པ་དང་། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་པ་དང་སྲིད་ཇུས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཧུར་ཐག་གིས་ཡོངས་འགྲུབ་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།