ཟླ5པའི་ཚེས15ཉིན། ཞིང་ཆེན་ཡོངས་ཀྱི་སྒོ་འབྱེད་སློབ་གསོ་དང་སྤྱི་ཚོགས་ལྟ་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། ཟུར་ཚད་མི་འདྲ་བའི་སྒོ་ནས་གཞི་རིམ་གྱི་བསམ་ཚུལ་དང་གྲོས་གཞིར་ཉན་ཞིང་། མང་ཚོགས་ཀྱི་ལྟ་སྐུལ་དང་དཔྱད་ཞིབ་དང་ལེན་བྱས་ལ། རྒྱ་ཆེའི་སྤྱི་ཚོགས་ལྟ་སྐུལ་པའི་སྲིད་ཇུས་དྲིལ་སྒྲོག་གི་སྒེའུ་ཁུང་ལྟ་བུའི་བྱེད་ནུས་དང་། སྤྱོད་ཚུལ་ལྟ་ཞིབ་ཀྱི་མེ་ལོང་ལྟ་བུའི་བྱེད་ནུས། ཆ་འཕྲིན་བསྡུ་ལེན་གྱི་སྟེགས་བུ་ལྟ་བུའི་བྱེད་ནུས། དམངས་འདོད་བརྟག་དཔྱད་ཀྱི་འབྲེལ་ཟམ་ལྟ་བུའི་བྱེད་ནུས། གནས་ཚུལ་ཕྱིར་འདོན་གྱི་རྒྱུ་ལམ་ལྟ་བུའི་བྱེད་ནུས་བཅས་ལེགས་པར་བཏོན་ནས། གཞི་རིམ་ལྟ་ཞིབ་ས་ཚིགས་ཀྱི་ལྟ་ཞིབ་བྱེད་ཐབས་བརྒྱུད། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་ཕན་ངོ་མ་ཐོགས་པར་ཁག་ཐེག་བྱས། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་དང་པོའི་ཚན་གཙོ་ལིས་ཅིན་པེན་དང་། ཚན་གཙོ་གཞོན་པ་ཡུས་ཝེ་ཕིང་། ཁོངས་མི་རྣམས་བཅས་ཀྱིས་ཚོགས་ཐོག་ཏུ་མཛུབ་སྟོན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་མགོ་འཛིན་བྱས།
བཞུགས་མོལ་ཚོགས་འདུའི་སྟེང་། མདའ་བཞི་རྫོང་ཏུང་ཏ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཉིའུ་ཧྲིན་ཡིའུ་དང་། ཟི་ལིང་གྲོང་ཁྱེར་མཱེ་ཐོན་ཕྱིར་སྐྱེལ་པ་ཨ་ལུང་། ཧུའུ་ཀྲུའུ་རྫོང་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་ཝིན་ཧྲིན་ཞིའུ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་ཆིན་རོས། མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་སྟོན་ཀྲུའུ་རིན་ཧོང་ཧའོ་ཅུན། ཡུས་ཧྲུའུ་ཁུལ་སྲོག་ཆགས་རིམས་ནད་སྔོག་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་སུང་རིན་ཏི། རྨ་ལྷོ་ཁུལ་ཧྲན་ཧྥིན་སྤྱི་སྤྱོད་རླངས་འཁོར་ཀུང་སིའི་ཁ་ལོ་བ་སུན་ཆིན་ཧྥིན། གཏེར་ལེན་ཁ་གྲོང་ཁྱེར་ཁུ་ནུ་ལམ་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚའེ་ཝེ་ཝེ། གཅིག་སྒྲིལ་རྫོང་ཏིས་ཏཱ་ཕྱིར་སྐྱེལ་གྱི་ཁྲིམས་བཅད་འཐུས་མི་ལིས་ཧྲོང་ལུའུ། མཚོ་སྔོན་པོའི་ལྗོངས་ཁུལ་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྲི་ཀྲིན་ལིན། ཕིན་ཨན་ཆུའུ་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ཕང་ཀྲི་ཧུང་སོགས་སྤྱི་ཚོགས་ལྟ་སྐུལ་པ་དང་གཞི་རིམ་ལྟ་ཞིབ་ས་ཚིགས་ཀྱི་འཐུས་མི་བཅུ་གཅིག་གིས་སློབ་སྦྱོང་སློབ་གསོའི་ངོས་འཛིན་མྱོང་ཚོར་དང་། བྱ་བའི་གནས་ཚུལ། མང་ཚོགས་ཉེ་གམ་གྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་རྒྱུས་ལོན་ཁོང་ཆུད་བྱས་ཚུལ་ཐད་ནས་བརྗེ་རེས་གཏམ་བཤད་སྤེལ། ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲོན་གཉིས་ཀྱིས་ཚང་མས་དུས་རིམ་སྔོན་མར་ནན་ཏན་གྱིས་འགན་སྒྲུབ་བྱས་པར་བཀའ་དྲིན་ཆེ་ཞུས་ཤིང་། ཁོ་ཚོས་བཏོན་པའི་བསམ་ཚུལ་དང་གྲོས་གཞིར་རེ་རེ་བཞིན་ལན་བཏབ་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ནན་ཏན་སྒོས་ཞིབ་འཇུག་ལས་སྒྲུབ་བྱེད་པའི་བླང་བྱ་བཏོན།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། སྒོ་འབྱེད་སློབ་གསོ་རྒྱུན་འཁྱོངས་བྱེད་པ་ནི་ཐེངས་འདིའི་སློབ་སྦྱོང་སློབ་གསོའི་མངོན་གསལ་གྱི་ཁྱད་ཆོས་ཤིག་ཡིན་པས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པོར་བགྲོད་པ་དང་། མང་ཚོགས་ཀྱི་འབོད་སྐུལ་ལ་ནན་གྱིས་ཉན་པ། མང་ཚོགས་ཀྱི་རེ་འདོད་ལ་རྒྱུས་ལོན་བྱས་ནས། སློབ་སྦྱོང་སློབ་གསོ་ལས་ཐོན་པའི་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་མང་ཚོགས་ཀྱིས་དངོས་སུ་ཚོར་ཐུབ་པར་བྱ་དགོས། སྒོ་འབྱེད་དོན་ལྡན་ཡོང་བར་བྱས་ཏེ། གཞི་རིམ་ཏུ་ཟབ་ཞུགས་དང་མང་ཚོགས་ཁྲོད་འདྲེས་པར་བྱེད་དགོས་ཤིང་། དཀའ་ཁག་དང་འགལ་བ་མང་ཞིང་། མང་ཚོགས་ཀྱི་བསམ་ཚུལ་གཅིག་འདུས་ཡིན་པའི་ས་ཆར་ཐེངས་མང་བསྐྱོད་དེ། མང་ཚོགས་དང་སེམས་པ་གཅིག་མཐུན་བྱེད་པར་མ་ཟད། ལྷག་བསམ་རྣམ་དག་སྒོས་མང་ཚོགས་ཀྱི་བསམ་ཚུལ་ལ་ཉན་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པའི་ཁྲོད་ནས་སྐད་ཆ་ངོ་མར་ཉན་པ་དང་གནས་ཚུལ་ངོ་མར་རྟོག་ཞིབ་བྱས་ཏེ་བྱེད་ཐབས་འཚོལ་དགོས། ཟབ་ཞུགས་དོན་འཁྱོལ་ཡོང་བར་བྱས་ཏེ། དྲ་ལམ་དང་ཡུལ་དངོས་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་པ་བརྒྱུད། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་དང་རེ་འདུན་རེ་ཞུ་གསལ་བོར་རྟོགས་པ། དོན་ངོ་མར་སྲིད་འཛིན་པ་ནི་དམངས་ཀྱི་དོན་དང་འཆར་འགོད་དམངས་ཀྱི་དོན། དགོས་མཁོ་དམངས་ཀྱི་དོན་ཡིན་པ་གསལ་བོར་མཚོན་དགོས་ཤིང་། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་དང་གཞི་རིམ་ནས་མྱུར་དུ་ཐག་གཅོད་དགོས་པའི་གནད་དོན་སྐོར་ཞིག་ཐག་བཅད་དེ། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་དངོས་སུ་ཇེ་མཐོར་གཏོང་དགོས། ཡིད་ཚིམ་པ་ཞིག་སྒྲུབ་ཐུབ་པར་བྱས་ཏེ། སློབ་སྦྱོང་སློབ་གསོ་དང་བྱ་བའི་ལག་ལེན་ཟུང་འབྲེལ་བྱས་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་གཞི་རིམ་ནས་མངོན་ཐུབ་པ་དང་འཐབ་ཡུལ་དང་པོར་ཚད་འཇལ་ཐུབ་པར་བྱེད་པ། རང་འགུལ་གྱིས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་ཁྲོད་མི་འདང་ས་ལེགས་སྒྱུར་བྱེད་དགོས་ཤིང་། དུས་ཚོད་གཏན་ཁེལ་གྱིས་སློབ་སྦྱོང་སློབ་གསོའི་འཕེལ་རིམ་ཡོངས་བསྒྲགས་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཞིབ་ཚགས་དོན་ལྡན་ཡོང་བར་ཁག་ཐེག་བྱ་དགོས།
ཚོགས་འདུ་ལས་རིམ་པ་སོ་སོའི་སློབ་སྦྱོང་སློབ་གསོའི་ཆེད་ཚན་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ལམ་ལུགས་བྱེད་ནུས་འདོན་སྤེལ་བཟང་པོ་བྱས་ཏེ། གནད་དོན་གཅིག་དག་ཐེར་བྱས་ན་གནད་དོན་སྐོར་ཞིག་ཐག་གཅོད་པའི་བྱེད་ཐབས་བརྒྱུད། རྒྱུན་རྣམ་ཡུན་ཕན་གྱི་ལམ་ལུགས་རྐྱེན་སྲོལ་འཛུགས་པ་དང་། ལག་བསྟར་ཕན་ཡོད་ཀྱི་བྱ་བའི་བྱེད་ཐབས་སྤྱི་བསྡོམས་དང་ཁྱབ་སྤེལ་གང་ལེགས་བྱེད་པ། ལྟ་སྐུལ་ལྟ་ཞིབ་ཀྱི་དངོས་འབྲས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྲུན་མུ་མཐུད་བཟང་ཕྱོགས་སུ་འཕེལ་བར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་དགོས་པའི་བླང་བྱ་བཏོན།
ལིའུ་མཱེ་ཕིན་དང་། ཀྲའོ་ཡུའེ་ཞ། ཀྲུའུ་ཞང་ཧྥིན། ཉི་མ་སྒྲོལ་མ། ལིས་ཧུང་ཡ། ཝང་ཀྲིན་ཁྲང་བཅས་ཚོགས་འདུར་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།