མགོན་པོ་བཀྲ་ཤིས་ཀྱིས་མཚོ་ཤར་དུ་རྟོག་ཞིབ་བྱས།
2025.05.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ5པའི་ཚེས16ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་རུ་ཁག་གི་སྣེ་ཁྲིད་ནས་མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ས་ཁུལ་མཚོ་སྔོན་མཐོ་སྒང་ཁམས་གསོའི་ལྟེ་གནས་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། མཐོ་སྒང་གི་ཁམས་གསོའི་རིག་གཞུང་གླེང་སྟེགས་སྐབས་གཉིས་པ་དང་རྒྱལ་ཡོངས་ཁམས་གསོའི་ཞིབ་འཇུག་གསོ་སྦྱོང་འཛིན་གྲྭའི་གྲ་སྒྲིག་གནས་ཚུལ་ལ་ཉན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་རྟོག་ཞིབ་ལ་ཞུགས།

མཚོ་སྔོན་མཐོ་སྒང་ཁམས་གསོའི་རྟེན་གཞི་དེ་ལའོ་ཏུའུ་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་མཐའ་འཁོར་གྱི་འགྲིམ་འགྲུལ་སྟབས་བདེ་བ་དང་། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ལ། སྐྱེ་ཁམས་ཁོར་ཡུག་བཟང་བ་དང་། རིག་གནས་ཐོན་ཁུངས་གཏིང་ཟབ།     མགོན་པོ་བཀྲ་ཤིས་དང་བཅས་པ་མཐོ་སྒང་ཁམས་གསོའི་རྟེན་གཞིའི་སྦྱོང་བརྡར་ཁང་དང་། ཡིག་རིས་ཁང་། བྱེད་ནུས་དཔྱད་འཇོག་ཁང་སོགས་སུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཁམས་གསོའི་རྟེན་གཞིའི་ཞག་སྡོད་ཆ་རྐྱེན་དང་བཟའ་བཏུང་བཀོད་སྒྲིག དེ་མིན་བྱེད་སྒོ་སྣ་ཚོགས་ཀྱི་གནས་ཡུལ་འཛུགས་སྐྲུན་གྱི་གནས་ཚུལ་བཅས་ཞིབ་འདྲི་བྱས།

དེའི་རྗེས་སུ་འཚོགས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་མི་དམངས་སྨན་ཁང་དང་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ཆེད་ལས་སྨན་ཁང་། མཚོ་ཤར་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་བཅས་ཀྱི་འབྲེལ་ཡོད་བྱ་བ་སྤེལ་བའི་གནས་ཚུལ་ངོ་སྤྲོད་ལ་ཉན། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། མཚོ་ཤར་གྲོང་ཁྱེར་གྱིས་མཐོ་སྒང་ཁམས་གསོའི་ལས་དོན་ཐད་ཧུར་ཐག་གིས་འཚོལ་ཞིབ་དང་སྔོན་ལ་ལག་བསྟར་བྱས་པ་དང་།    རྒྱལ་ཡོངས་མཐོ་སྒང་ཁམས་གསོའི་གསོ་རིག་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ལེགས་འགྲུབ་སྒོས་བསྒྲུབས་ཏེ《མཚོ་ཤར་གྱི་ཐུན་མོང་ངོས་འཛིན》གྲུབ་པ་མ་ཟད་གྲུབ་འབྲས་གཡར་དུ་ཟ་བ་བླངས་ཡོད། མཚོ་ཤར་གྲོང་ཁྱེར་དང་སྡེ་ཁག་སོ་སོས་ཐེངས་འདིའི་གྲ་སྒྲིག་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། འགན་འཁྲི་མགྱོགས་མྱུར་སྒོས་དང་ལེན་དང་དོན་འཁྱོལ་བྱས་ནས་ཆེད་ལས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་གྲ་སྒྲིག་ལས་འགན་སྣ་ཚོགས་དོན་འཁྱོལ་ཞིབ་མོ་བྱས་པ་དང་། མཐོ་སྒང་གི་ཁམས་གསོའི་རིག་གཞུང་གླེང་སྟེགས་སྐབས་གཉིས་པ་དང་རྒྱལ་ཡོངས་ཀྱི་ཁམས་གསོའི་ཞིབ་འཇུག་གསོ་སྦྱོང་འཛིན་གྲྭ་ལེགས་འགྲུབ་སྒོས་བསྒྲུབ་པར་རྨང་གཞི་བརྟན་པོ་བཏིངས་འདུག

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མཚོ་སྔོན་ནི་སྐྱེ་ཁམས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ངོས་ནས། མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཉིས་མངོན་འགྱུར་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་རེད། མཚོ་སྔོན་ལ་མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་ཐོན་ཁུངས་ཁྱད་སྟོབས་དང་ཁྱད་ལྡན་གནས་ཡུལ་ཡོད་ལ། ཆེད་ལས་ཀྱི་སྣེ་འདྲེན་པ་དང་ཚོགས་པ་ཡོད་ཅིང་།    དུས་སྔོན་གྱི་བྱ་བའི་རྨང་གཞི་བརྟན་པ་དང་མཐོ་སྒང་གི་ཁམས་གསོའི་ཐོན་ལས་ཀྱི་མདུན་ལྗོངས་རྒྱ་ཆེ་ལ་སྦས་ཤུགས་ཧ་ཅང་ཆེན་པོ་ལྡན། མཐོ་སྒང་གི་ཁམས་གསོའི་ཐོན་ལས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ཆེ་བ་དང་། མཐོ་སྒང་གི་ཁམས་གསོའི་ཟོང་རྟགས་ལེགས་བསྐྲུན་བྱས་པ་བརྒྱུད། ཐོན་ལས་ཀྱི་འདུས་ཚད་ཕན་འབྲས་ཕྱིར་མངོན་ཐུབ་པ་དེ་ནི་མཚོ་འཕང་མཐོ་བའི་ས་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཚོལ་ཞིབ་དང་ལག་ལེན་གལ་ཆེན་ཞིག་རེད།  མཚོ་ཤར་གྲོང་ཁྱེར་གྱི་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ། བྱ་བའི་ནུས་ཤུགས་གཅིག་སྒྲིལ་བྱེད་པ་དང་བྱ་བ་སྣ་ཚོགས་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ།    མཐོ་སྒང་ཁམས་གསོའི་རིག་གཞུང་གླེང་སྟེགས་དང་རྒྱལ་ཡོངས་ཀྱི་ཁམས་གསོའི་ཞིབ་འཇུག་གསོ་སྦྱོང་འཛིན་གྲྭ་ཁྱད་ཆོས་ལྡན་པར་བྱེད་པ་དང་། ཟོང་རྟགས་བསྐྲུན་ཏེ་མཚོ་སྔོན་མཐོ་སྒང་གི་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ནས། མཚོ་སྔོན་མཐོ་སྒང་གི་ཁམས་གསོའི་ལས་དོན་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

ཤ་བོ་རིན་མཚོས་བསྒྱུར།