ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་མོ་བྱས་ནས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》པར་འགྲེམས་བྱས།
2025.05.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི། 《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་མོ་བྱས་ནས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》པར་འགྲེམས་བྱས་པར་མ་ཟད། ཆེད་དུ་བརྡ་ཐོ་བཏང་ནས་ས་གནས་དང་སྡེ་ཁག་སོ་སོས་ནན་ཏན་སྒོས་བརྩི་སྲུང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་ཐོའི་ནང་བསྟན་དོན། བཟོ་བཅོས་བརྒྱབ་རྗེས་ཀྱི《སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། དམིགས་འབེན་གྱི་ཁྲིད་སྟོན་དང་གནད་དོན་གྱི་ཁྲིད་སྟོན་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་སྲིད་ལས་ཁུངས་ཀྱི་གྲོན་དངུལ་དོ་དམ་དང་རྒྱལ་ནང་གི་ཡུལ་སྐོར་དང་གཞུང་དོན་སྒྲུབ་པར་འགྲོ་བ། གཞུང་དོན་གྱི་ཆེད་དུ་གནས་སྐབས་སུ་ཕྱི་རྒྱལ་ལ་འགྲོ་བ། གཞུང་དོན་སྣེ་ལེན། གཞུང་དོན་གྱི་ཆེད་དུ་བཀོལ་བའི་རླངས་འཁོར། ཚོགས་འདུའི་བྱེད་སྒོ། གཞུང་སྒྲུབ་གི་ཆེད་དུ་བཀོལ་བའི་ཁང་བ། ཐོན་ཁུངས་གྲོན་ཆུང་སོགས་ཀྱི་གཏན་འབེབས་དུས་བསྟུན་ངང་འཐུས་ཚང་དུ་བཏང་སྟེ། གྲོན་ཆུང་ནན་མོ་ལག་བསྟར་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཏང་སྲིད་ལས་ཁུངས་ཀྱིས་ཀུན་གྱི་སྣེ་ཁྲིད་ནས་འཚོ་བ་ངན་ངོན་རོལ་བའི་ལམ་ལུགས་ཀྱི་གཅུས་གཟེར་སྔར་ལས་ཇེ་དམ་དུ་གཏོང་བར་མཐའ་གཅིག་ཏུ་འབད་ན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། “སྤྱོད་ངན་བཞི”རྒྱུན་མཐུད་ངང་ཡོ་བསྲང་ནན་མོ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན།

བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་དང་སྡེ་ཁག་སོ་སོས་སྤྱོད་ལམ་འཛུགས་སྐྲུན་དེ་ཏང་གི་སྣང་བརྙན་དང་འབྲེལ་བ་ཡོད་ཅིང་། མིས་བློ་གཏོད་མིན་ལ་འབྲེལ་བ་ཡོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་རྒྱལ་ཁ་ཐོབ་མིན་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས། 《སྲོལ་ཡིག》གི་སློབ་སྦྱོང་དྲིལ་སྒྲོག་བྱ་བ་དམ་འཛིན་ནན་མོ་བྱས་ཏེ། རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་དེའི་ལས་བྱེད་མི་སྣས《སྲོལ་ཡིག》གི་དགོངས་དོན་ལ་གོ་བ་མ་ནོར་བ་ལེན་རྒྱུར་སྐུལ་འདེད་གཏོང་བ་དང་། 《སྲོལ་ཡིག》གི་གཏན་འབེབས་ཁག་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ། གྲོན་ཆུང་ཅན་གྱི་ལས་ཁུངས་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་སྟེ། སྤྱི་ཚོགས་ཡོངས་སུ་ཆུད་ཟོས་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་སྣང་ཚུལ་ལེགས་པོ་སྔར་ལས་བསྐྲུན་གང་ཐུབ་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།