མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ཞིང་སྡེའི་བེད་མེད་དུ་བཞག་པའི་ས་ཞིང་གནད་དོན་དོན་དངོས་ཀྱིས་ཐག་གཅོད་པའི་སྐོར་གྱི་ལག་བསྟར་བསམ་འཆར་བཏོན་པ།
སྤེལ་དུས།  2012-02-21 08:32:31    རྡེབ་ཚད།     ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།

ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་དུ་རང་བྱུང་ཆ་རྐྱེན་ཞན་པ་དང་། ཞིང་ལས་ཕན་འབྲས་དམའ་བ། ཞིང་སྡེའི་མི་གྲངས་མང་བ། ས་ཞིང་གི་རྒྱུན་ལྡན་ནང་རྐྱེན་འཐུས་ཚང་མིན་པ་བཅས་ཀྱི་དབང་གིས། ཞིང་སྡེ་ལ་ལས་རྨོ་ཞིང་བེད་མེད་དུ་བཞག་པའི་གནས་ཚུལ་བྱུང་ཡོད་པར་མ་ཟད་རྒྱ་ཇེ་ཆེ་རུ་འགྲོ་བཞིན་ཡོད་པས། ཞིང་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་ནས་ཞིང་བའི་ཡོང་སྒོ་འཕར་བར་བཀག་འགོག་བྱས་ཡོད་པར་མ་ཟད། རྩ་ཆེ་བའི་ས་ཞིང་ཐོན་ཁུངས་ཆུད་ཟོས་སུ་བཏང་བས། ཞིང་སྡེའི་རྨོ་ཞིང་བེད་མེད་དུ་བཞག་པའི་གནད་དོན་དངོས་གནས་ཐག་གཅོད་དང་། རྨོ་ཞིང་བཀོད་སྤྱོད་ཀྱི་ཚད་ཆེས་མཐོ་བའི་སྒོ་ནས་མཐོར་འདེགས་སུ་གཏོང་བ། ཞིང་ལས་ཐོན་སྐྱེད་བརྟན་བརླིང་ཡོང་བ། ཞིང་སྡེ་དཔལ་འབྱོར་འཕེལ་རྒྱས་དང་ཞིང་སྡེའི་སྤྱི་ཚོགས་བརྟན་འཇགས་སྲུང་འཛིན་བཅས་བྱེད་པའི་ཆེད་དུ། ལག་བསྟར་བསམ་འཆར་འདི་བཏོན་པ་སྟེ།

གཅིག བེད་མེད་དུ་བཞག་པའི་ས་ཞིང་གནད་དོན་ཐག་གཅོད་པའི་གལ་ཆེན་རང་བཞིན་ལ་ངེས་ཤེས་ཟབ་མོ་བཅངས་ནས། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་སྒོས་སྤེལ་དགོས།

རྨོ་ཞིང་ནི་ཞིང་སྡེ་ཡི་ཆེས་གལ་ཆེ་བའི་ཐོན་ཁུངས་དང་ཞིང་བའི་འཚོ་བརྟེན་གྱི་རྨང་གཞི་ཡིན་ལ། རྨོ་ཞིང་གི་ཁ་གྲངས་ནི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཀྱི་གཞི་རྩའི་འགན་སྲུང་ཡིན་པས། ས་ཞིང་ལ་གཅེས་སྤྲས་དང་ས་ཞིང་ལུགས་མཐུན་གྱིས་བཀོལ་སྤྱོད་བྱེད་པ། རྨོ་ཞིང་ལ་དོན་དངོས་ཀྱིས་སྲུང་སྐྱོང་བྱེད་པ་བཅས་ནི་རྒྱལ་ཁབ་ཀྱི་རྒྱལ་ཇུས་ཡིན་ཞིང་། རྒྱལ་དམངས་དཔལ་འབྱོར་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་འཇགས་ཀྱི་ཐབས་ཇུས་ཆེན་པོར་འབྲེལ་བ་ཡོད་པས། ཞིང་ལས་ཐོན་སྐྱེད་དང་ཞིང་བའི་ཡོང་སྒོ་འཕར་བ། ཞིང་སྡེ་འཕེལ་རྒྱས་སུ་གཏོང་བ་མངོན་འགྱུར་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པས། དུས་ནམ་ཡིན་ཡང་ངེས་པར་དུ་མཐོང་ཆེན་བྱེད་དགོས་ལ། རྨོ་ཞིང་བེད་མེད་དུ་འཇོག་པ་ནི་ཞིང་ལས་ཐོན་ཁུངས་ཆེས་ཆེར་ཆུད་ཟོས་དང་། དེང་སྐབས་ཀྱི་ཞིང་ལས་དང་ཞིང་སྡེ་བྱ་བའི་འཕེལ་རྒྱས་ཁྲོད་གནས་པའི་གནས་ཚུལ་གསར་བ་དང་གནད་དོན་གསར་བར་ཐུག་པའི་དཔལ་འབྱོར་གནད་དོན་ཞིག་དང་། ལྷག་པར་དུ་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཀྱང་ཡིན་པས། ཞིང་བའི་ཡོང་སྒོ་འཕར་བ་དང་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། ཞིང་སྡེའི་སྤྱི་ཚོགས་བརྟན་འཇགས་ལའང་ཤུགས་རྐྱེན་ཐེབས་ཡོད་པས། རིམ་པ་སོ་སོའི་སྲིད་གཞུང་དང་ཞིང་ཕྱུགས། རྒྱལ་ཁབ་འབྲེལ་ཡོད་སྡེ་ཁག་གིས་རྨོ་ཞིང་བེད་མེད་དུ་བཞག་པའི་གནད་དོན་ལ་མཐོང་ཆེན་བྱས་ཏེ། ཚད་མཐོན་པོས་ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་དང་། ལོ་རྒྱུས་ཀྱི་འདུ་ཤེས། ཞིང་སྡེའི་རྨོ་ཞིང་བེད་མེད་དུ་བཞག་པའི་གནད་དོན་ཐག་གཅོད་པའི་དགོས་གཏུག་རང་བཞིན་དང་། དཀའ་ཚེགས་རང་བཞིན། ཡུན་རིང་རང་བཞིན་བཅས་ལ་ངེས་ཤེས་གང་ལེགས་བཅངས་ནས། ཞིང་སྡེའི་རྨོ་ཞིང་བེད་མེད་དུ་བཞག་པའི་གནད་དོན་དེ་དེང་སྐབས་ཀྱི་ཞིང་ལས་དང་ཞིང་སྡེའི་བྱ་བའི་གྲོས་རིམ་ཉིན་ཐོར་འཇོག་པ་དང་། ཞིང་ལས་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་ཞིང་བའི་ཡོང་སྒོ་འཕར་སྣོན་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ནུས་ཡོད་ཀྱི་བྱེད་ཐབས་སྤྱད་ནས་ཞིང་སྡེའི་རྨོ་ཞིང་བེད་མེད་དུ་བཞག་པའི་གནད་དོན་ངེས་པར་དུ་ཐག་གཅོད་དགོས་པ་དང་། «ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་བཅའ་ཁྲིམས»དང«གཞི་རྩའི་ཞིང་ས་སྲུང་སྐྱོབ་སྲོལ་ཡིག»སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་སྟེང་ནས་རྒྱ་ཆེའི་ཞིང་བར་ས་ཞིང་འགན་གཙང་ལེན་གྱི་ཁེ་དབང་གསལ་བོ་བྱས་ཡོད་ལ། ཞིང་བའི་འགན་གཙང་ལེན་བྱས་ཡོད་པའི་ཁྱིམ་ཚང་ལ་དེ་བསྟུན་གྱིས་འོས་འགན་གཏན་ཁེལ་བྱས་ཡོད་ཀྱང་། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བཅས་ཀྱི་དྲིལ་སྒྲོག་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པ་དང་། རྒྱང་སྒྲོག་དང་བརྙན་འཕྲིན། ཚགས་པར་སོགས་གསར་འགྱུར་སྨྱན་བྱེད་ཀྱིས་དྲིལ་སྒྲོག་དཔྱད་གཞིའི་ཡིག་རིགས་དཔར་སྐྲུན་འགྲེམ་སྤེལ་དང་། སྡེ་དམངས་གྲོས་ཚོགས་ཚོགས་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད་ནས། དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས། ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མར་ཤེས་སུ་འཇུག་དགོས་ལ། རྒྱ་ཆེའི་ཞིང་བ་རྣམས་ལ་རྨོ་ཞིང་སྲུང་སྐྱོང་དང་བེད་མེད་དུ་བཞག་པའི་རྨོ་ཞིང་སླར་གསོ་བྱེད་རྒྱུ་དེ། རང་ཉིད་ཀྱི་འོས་འགན་ཡིན་པ་ངོས་ཟིན་ཏུ་བཅུག་ནས་ས་ཞིང་ལ་གཅེས་སྤྲས་དང་། ས་ཞིང་ལེགས་པོར་འདེབས་པའི་རང་རྟོགས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས།

གཉིས། ཞིང་སྐྱོར་ཞིང་ཕན་སྲིད་ཇུས་ཀྱི་བྱེད་ཐབས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱི་ཞིང་འདེབས་པའི་སྤྲོ་སེམས་ལ་སྐུལ་འདེད་གཏོང་དགོས།

ས་ཁུལ་སོ་སོས་ཞིང་སྐྱོར་ཞིང་ཕན་སྲིད་ཇུས་དངོས་འབེབས་བྱེད་པའི་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་བྱས་རྗེས་དེ་གཟིགས་སྐྱོང་སྲིད་ཇུས་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། གཟབ་ནན་གྱིས“འབྲུ་རིགས་སུས་བཏབ་ན་དེར་ཕན་འབྲས་ཐོབ་པའི”རྩ་དོན་ལྟར། རྗེས་དེད་ནས་ཞིང་ཕན་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱེད་དུ་བཅུག་སྟེ། ཁ་གསབ་རོགས་དངུལ་སྣ་ཚོགས་ཆད་ལུས་མེད་པར་ས་ཞིང་རྨོ་འདེབས་བྱེད་བཞིན་པའི་ཞིང་བའི་ལག་ཏུ་འབྱོར་བར་ཁག་ཐེག་བྱེད་དགོས་པ་ལས། ཁྱིམ་ཚང་དེ་དག་གི་འབྲུ་རིགས་ཐོན་སྐྱེད་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་དགོས་པ་དང་། “མང་འདེབས་མང་གསབ་དང་ཉུང་འདེབས་ཉུང་གསབ། སུས་ས་ཞིང་རྨོ་འདེབས་བྱས་པ་དེར་ཁ་གསབ་སྟེར་བ”མ་གཏོགས། ས་ཞིང་བེད་མེད་དུ་བཞག་པའི་ཞིང་བ་ཁྱིམ་ཚང་ལ་རྨོ་འདེབས་ཀྱི་ཁ་གསབ་སྣ་ཚོགས་གཏན་ནས་ལོངས་སྤྱོད་དུ་འཇུག་མི་རུང་བ་མ་ཟད། ཞིང་བའི་ཁུར་བོ་ཇེ་ཡང་དུ་གཏོང་བའི་སྲིད་ཇུས་སྣ་ཚོགས་སྔར་ལས་ལྷག་པར་དངོས་འབེབས་དང་། ཞིང་སྡེའི་ཞིང་ལས་ལ་འབྲེལ་བ་ཡོད་པའི་གྲོན་དངུལ་ཚད་ལྡན་དུ་བཏང་ནས་ཞིང་བའི་ཁུར་བོ་ཇེ་ཡང་དུ་གཏོང་དགོས་ལ། རྨོ་ཞིང་སྲུང་སྐྱོབ་ཀྱི་ཐབས་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ནས། ཞིང་ལས་མ་ཡིན་པའི་རྨོ་ཞིང་འཛིན་སྤྱོད་བྱེད་པར་ཚོད་འཛིན་ནན་མོ་བྱས་ཏེ། རྨོ་ཞིང་བཀོལ་སྤྱོད་དང་དེའི་ཕན་འབྲས་ཇེ་མཐོར་གཏོང་བ། བེད་མེད་དུ་བཞག་པའི་ས་ཞིང་མགྱོགས་མྱུར་གྱིས་སླར་འདེབས་དང་འབྲུ་རིགས་བདེ་འཇགས་བཅས་ལ་ཁག་ཐེག་བྱེད་པ་དང་མཉམ་དུ། འབྲེལ་ཡོད་སྡེ་ཁག་གིས་ཞིང་ལས་ཐོན་རྫས་ཚོང་ར་སྔར་ལས་ལྷག་པར་ཚད་ལྡན་དང་། ཞིང་ཐོན་དངོས་རྫས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་ཆེ་རུ་བསྐྱེད་དེ། ཞིང་ལས་ཐོན་རྫས་ཀྱི་རིན་གོང་དང་དེའི་མཁོ་སྤྲོད་གནས་ཚུལ་ལ་དོ་སྣང་དང་། ཞིང་ཐོན་དངོས་རྫས་ཀྱི་རིན་གོང་འཕར་ཚད་མགྱོགས་དྲག་པས་རྨོ་འདེབས་ཀྱི་མ་རྩ་མཐོ་བ་བཅས་ལ་བརྟེན་ནས། རྨོ་ཞིང་བེད་མེད་དུ་འཇོག་པ་སྔོན་འགོག་བྱེད་དགོས།

གསུམ། ས་ཞིང་འཁོར་རྒྱུགས་སྔར་ལས་ལྷག་པར་ཇེ་ཆེར་བཏང་ནས་རྨོ་ཞིང་བེད་མེད་དུ་འཇོག་པ་ཐག་གཅོད་པའི་ཡུན་རིང་གི་ཕན་འབྲས་ནང་རྐྱེན་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས།

ས་ཞིང་གི་འཁོར་རྒྱུགས་ཇེ་མགྱོགས་དང་ཚད་ལྡན་གྱིས་བདག་གཉེར་བྱེད་པ་ནི། ཞིང་སྡེའི་ངལ་རྩོལ་པ་ཉུང་པའི་གནད་དོན་ཐག་གཅོད་དང་། ཐོན་ཁུངས་ཆུད་ཟོས་སུ་གཏོང་བ་སྔོན་འགོག་བྱེད་པའི་ཕན་ཡོད་བྱེད་ཐབས་ཤིག་ཡིན་པར་མ་ཟད། ཞིང་བའི་ངལ་རྩོལ་ཞིབ་ཚགས་ཅན་དང་སྤྱི་ཚོགས་ཅན་དུ་འགྱུར་ཚད་དང་། ངལ་རྩོལ་གྱི་ལས་ཆོད། འབྲུ་རིགས་རང་མཁོ་རང་སྤྲོད་བྱེད་ཚད་སོགས་ཇེ་མཐོར་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་ཡིན་པས། ས་ཁུལ་སོ་སོས་ད་ཡོད་ཀྱི་ཉམས་མྱོང་ཕྱོགས་ཡོངས་ལ་ཁྱབ་པར་སྐུལ་འདེད་དང་བྱེད་ཐབས་གསར་བ་འཚོལ་ཞིབ། ས་ཞིང་རྒྱུན་འཁོར་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས»དང«མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞིང་སྡེའི་འགན་གཙང་ལེན་བཅའ་ཁྲིམས་ལག་བསྟར་བྱེད་ཐབས»སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་སྟེ། ཞིང་བའི་ས་ཞིང་འགན་གཙང་ལེན་བདག་གཉེར་བྱེད་དབང་བཅའ་ཁྲིམས་ལྟར་ཁས་ལེན་དགོས་པ་དང་། རྫོང་རིམ་པའི་སྲིད་གཞུང་གིས་ཞང་དང་གྲོང་བརྡལ་དུ་ས་ཞིང་རྒྱུན་འཁོར་ཞབས་ཞུའི་སྟེགས་བུ་མགྱོགས་མྱུར་གྱིས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཞིང་བར་ས་ཞིང་རྒྱུན་འཁོར་ཆ་འཕྲིན་དང་སྲིད་ཇུས་བློ་འདྲི། རིན་གོང་གདེང་འཇོག གན་རྒྱའི་མཛུབ་སྟོན། ཁེ་ཕན་བར་གྱི་མཐུན་སྦྱོར། དུས་རྒྱུན་གྱི་རྩོད་གཞི་བར་འདུམ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་དགོས་ལ། “ཁྲིམས་ལྟར་སྐྱིན་ཚབ་ཡོད་པ་དང་རང་འཐད”བཅས་ཀྱི་རྩ་དོན་ལྟར། ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་གོ་རིམ་ཡོད་པའི་སྒོ་ནས་ཡར་སྐུལ་བཏང་སྟེ། རྨོ་འདེབས་ཀྱི་ནུས་པ་མེད་པ་དང་ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་སྐྱུར་མི་འདོད་པའི་ཞིང་བས། གཞན་ལ་འགན་གཙང་ལེན་དང་བོགས་མར་གཏོང་བ། ཡང་ན་མ་རྐང་འཇོག་པའི་བྱེད་སྟངས་བཀོལ་བར་ཁྲིད་སྟོན་དང་། ས་ཞིང་འཁོར་རྒྱུགས་ཀྱི་སྟེགས་བུ་གསར་བ་འཛུགས་པར་ཧུར་བརྩོན་གྱིས་འཚོལ་ཞིབ་བྱས་ནས། སྲིད་གཞུང་གི་མ་དངུལ་ལ་བརྟེན་ནས“ཞིང་སའི་དངུལ་ཁང་འཛུགས་པ”དང་བསྡུ་ལེན། གསོག་འཇོག བདག་གཉེར། གཞན་ལ་བོགས་མར་གཏོང་བ་བཅས་ཀྱིས། ཞིང་བའི་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆ་དེ་ཞིང་ས་བེད་སྤྱོད་ཀྱི་ངོ་བོ་མི་འགྱུར་བའི་སྒོ་ནས། བདག་གཉེར་ནུས་པ་ཡོད་པའི་ཞིང་བ་ཁྱིམ་ཚང་ལ་བརྒྱུད་སྤྲོད་བྱེད་ཆོག་པ་དང་། ས་ཞིང་ཞིབ་ཚགས་ཅན་དང་ཚད་ལྡན་ཅན། ཐོན་ལས་ཅན་བཅས་ཀྱི་བདག་གཉེར་བྱེད་སྟངས་ལ་སྐུལ་འདེད་གཏོང་དགོས་པ་དང་། རྨོ་འདེབས་ཀྱི་ནུས་པ་མེད་པའི་ཞིང་བའི་རྨོ་ཞིང་དེ་གཞི་རྩའི་འཚོ་བ་ཁག་ཐེག་བྱེད་པའི་ཆ་རྐྱེན་འོག ནུས་པ་ཡོད་པའི་ཞིང་བ་ཁྱིམ་ཚང་ལ་བཅོལ་ནས་དེའི་ཚབ་ཏུ་རྨོ་འདེབས་བྱས་ཆོག་ལ། ས་ཁུལ་སོ་སོས་སྲིད་གཞུང་གི་ཁྲིད་སྟོན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར། ཆ་ཚང་སྒྲིག་ཆས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འདེབས་འཛུགས་ལས་རིགས་ལ་སྐུལ་འདེད་དང་། ཞིང་ལས་ཁེ་ལས་ནང་འདྲེན་དང་ཞིང་བ་ཁྱིམ་ཚང་ནས་ཧུར་བརྩོན་གྱིས་ས་ཞིང་བསྡུ་ལེན་དང་ཚད་ལྡན་གྱིས་རྨོ་འདེབས། ཞིང་ལས་བདག་གཉེར་བས་ས་ཁུལ་བརྒལ་ནས་བེད་མེད་དུ་བཞག་ཡོད་པའི་ས་ཞིང་འགན་གཙང་ལེན་བྱེད་པ་དང་། ཡང་ན་བོགས་མར་གཏོང་ལེན་བྱས་ནས་ཞིང་ལས་ཐོན་སྐྱེད་གཉེར་དགོས་ཤིང་། སྒྲིག་སྟངས་ས་ཁོངས་ཅན་དང་ཐོན་སྐྱེད་ཆེད་ལས་ཅན། བདག་གཉེར་གཞི་གཅིག་ཅན། ཞབས་ཞུ་སྤྱི་ཚོགས་ཅན་བཅས་ཀྱི་བགྲོད་ལམ་དུ་ཞུགས་ཏེ། ས་ཞིང་གོ་རིམ་ཡོད་པའི་སྒོ་ནས་འཁོར་རྒྱུགས་ལ་ཡར་སྐུལ་དང་། རྨོ་ཞིང་བེད་མེད་དུ་འཇོག་པའི་གནད་དོན་ཐག་གཅོད་པའི་ཕན་ཡོན་ནང་རྐྱེན་ངོ་མ་འཛུགས་དགོས་པར་མ་ཟད། ཞིང་བ་ཁྱིམ་ཚང་གི་འབྱུང་འགྱུར་གྱི་སེམས་ཁྲལ་རྩ་བ་ནས་ཐག་གཅོད་དགོས་ལ། ས་ཞིང་བདག་གཉེར་བྱེད་པའི་དབང་ཆ་དེ་ངེས་པར་དུ་ཞིང་བ་རང་གི་འདོད་བློ་ལ་བརྩི་བཀུར་བྱེད་དགོས་པ་ལས། ས་གནས་སྲིད་གཞུང་དང་འགན་སྤྲོད་མཁན་གྱིས་བཙན་ཤེད་དང་། བེད་མེད་དུ་བཞག་པའི་ཞིང་པ་ཁྱིམ་ཚང་གི་འགན་གཙང་ལེན་ཞིང་ས་དེ་ཁྲིམས་འགལ་གྱིས་མཁོ་སྤྲོད་དང་ས་ཞིང་གི་ངོ་བོ་སྒྱུར་མི་ཆོག

བཞི། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་ཤུགས་ཆེ་རུ་བསྐྱེད་དེ་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་པར་ནུས་ཤུགས་འདོན་དགོས།

ས་ཁུལ་སོ་སོས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་ཤུགས་བསྣན་ནས་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་པ་དེ། བེད་མེད་དུ་བཞག་པའི་ས་ཞིང་གནད་དོན་ཐག་གཅོད་པའི་བྱེད་ཐབས་གལ་ཆེན་དུ་བརྩི་དགོས་ལ། རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་དང་ཞིང་ཕྱུགས། ཆུ་བེད། ནོར་སྲིད། འགྲིམ་འགྲུལ། ནགས་ལས་སོགས་སྡེ་ཁག་གིས་མ་དངུལ་ངེས་ཅན་ཞིག་བཀོད་སྒྲིག་བྱས་ནས། བེད་མེད་དུ་བཞག་པའི་ས་ཞིང་མངོན་གསལ་ཡིན་པའི་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་བཀོལ་དགོས་པ་དང་། ས་ཞིང་ལེགས་སྒྲིག་དང་ཐོན་ཚད་དམའ་བ་དང་འབྲིང་ཙམ་གྱི་ཞིང་ས་སྒྱུར་བཀོད་བྱེད་པ། ཞིང་སྡེ་གསར་བ་འཛུགས་སྐྲུན། ཞིང་སྡེའི་འགྲིམ་འགྲུལ་འཛུགས་སྐྲུན། མི་ཕྱུགས་གཉིས་ཀྱི་འཐུང་ཆུའི་བཟོ་སྐྲུན། ཞིང་ལས་ཕྱོགས་བསྡུས་གསར་སྤེལ། དབུལ་སྐྱོར་གསར་སྤེལ་སོགས་ཞིང་ལས་ལ་འབྲེལ་བ་ཡོད་པའི་ལས་གཞི་སྣ་ཚོགས་ཀྱི་མ་དངུལ་བསྡུ་སྒྲིག་དང་བཀོད་སྤྱོད་བྱས་ཏེ། བེད་མེད་དུ་བཞག་པའི་ས་ཞིང་མངོན་གསལ་ཡིན་པའི་ས་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་རིམ་བཞིན་འཐུས་ཚང་དུ་གཏོང་དགོས་པ་དང་མཉམ་དུ། ཆུ་བེད་ཐད་ཀྱི་སྤྱིའི་མ་དངུལ་བསྡུ་གསོག་ལ་འཚོལ་ཞིབ་བྱེད་པའི་ལམ་ལུགས་འཛུགས་པ་དང་། གོང་རིམ་གྱི་ཁ་གསབ། ས་གནས་རང་གི་ནོར་སྲིད་ཀྱིས་མཐུན་སྦྱོར། དོན་དག་རེ་ལ་གྲོས་བསྡུར་བྱེད་པ། སྡེ་བ་རིམ་པའི་རྩ་འཛུགས་ཀྱིས་མ་དངུལ་བསྡུ་གསོག་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། དུས་རྒྱུན་དུ་ཞིང་ལས་ཀྱི་རྨང་གཞི་སྒྲིག་ཆས་སྲུང་སྐྱོང་ཐད་ཀྱི་གནད་དོན་ཐག་གཅོད་དགོས་པ་དང་། ལྷག་པར་དུ་བྱེད་ཐབས་སྣ་ཚོགས་ཀྱིས་མ་དངུལ་བསྡུ་གསོག་བྱས་ནས། ཞིང་ཁའི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་དང་གནོད་འགོག་ནུས་པ་ཇེ་དྲག་ཏུ་གཏོང་བ། མང་ཚོགས་ཀྱིས་རྨོ་ཞིང་འདེབས་པའི་ཧུར་བརྩོན་རང་བཞིན་ཆེ་རུ་བསྐྱེད་དེ། བེད་མེད་དུ་བཞག་པའི་ས་ཞིང་ཡང་བསྐྱར་འབྱུང་བ་སྔོན་འགོག་བྱེད་དགོས་ལ། ས་ཞིང་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་འབྲེལ་ཡོད་འཆར་གཞི་དང་མཐུན་པའི་རི་རྒོད་དང་ལུང་ཤུར། གྲམ་ཐང་སོགས་བཀོལ་སྤྱོད་བྱས་མེད་པའི་ས་ཞིང་དེ་ལ། སུས་འཇོན་དེ་འགུག་དང་རིན་གོང་མཐོན་པོས་བཙོང་བ། ཡུལ་དངོས་ནས་གྲོས་མོལ་བྱེད་པ་བརྒྱུད་ནས་སྡེ་ཁག་དང་མི་སྒེར་ལ་འགན་གཙང་ལེན་དང་ཕྱོགས་བསྡུས་ཀྱིས་གསར་སྤེལ་བྱེད་དུ་འཇུག་དགོས།

ལྔ། ཐོན་ལས་གྲུབ་ཚུལ་ལེགས་བཅོས་བྱས་ནས་ཁྱད་སྟོབས་ཞིང་ལས་ནུས་ཡོད་ཀྱིས་གོང་དུ་སྤེལ་དགོས།

ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་ཞིང་ཐོན་དངོས་རྫས་འགྲེམ་ཚོང་ལ་ལེགས་བཅོས་བྱེད་པ་ཇེ་མགྱོགས་སུ་གཏོང་བ་ནི། རྨོ་ཞིང་བེད་མེད་དུ་འཇོག་པའི་གནད་དོན་ཐག་གཅོད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ས་ཁུལ་སོ་སོས་ཡུལ་བབ་དང་བསྟུན་ནས་འབྲུ་རིགས་འདེབས་པ་དང་དཔལ་འབྱོར་གྱི་ཡོང་སྒོ་དང་མཐུན་པའི་རྩ་དོན་ལྟར། ཞིང་བར་ཧུར་ཐག་གིས་སྲོལ་རྒྱུན་གྱི་ཐོན་སྐྱེད་བདག་གཉེར་བྱེད་སྟངས་སྒྱུར་བར་ཁྲིད་སྟོན་དང་། ཞིང་ལས་གྲུབ་ཚུལ་ལེགས་བཅོས་བྱེད་པ། ས་གནས་རང་གི་ཞིང་ལས་ཐོན་ཁུངས་དང་ཐོན་ལས་ཀྱི་ཁྱད་སྟོབས་གཞིར་བཟུང་ནས་ཚོང་རར་ཁྲིད་སྟོན་དང་། ཐོན་ལས་ལེགས་བཅོས་བྱེད་པའི་ལས་གཞི་ལག་བསྟར་བཟང་བོ་བྱེད་པ་དང་། ཁྱད་སྟོབས་ཐོན་ལས་སྐྱེད་སྲིང་དང་གོང་འཕེལ་དུ་བཏང་ནས། ཐོན་ལས་གྲུབ་ཚུལ་ལུགས་མཐུན་མངོན་འགྱུར་དང་ཚད་མཐོན་པོས་ས་ཞིང་བདག་གཉེར་གྱི་ཉེན་ཁ་ཇེ་ཆུང་དང་དཔལ་འབྱོར་གྱི་ཕན་འབྲས་ཇེ་མཐོར་གཏོང་བ། ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཚོང་རར་འདྲེན་པར་ཤུགས་སྣོན་པ། སྤུས་ལེགས་ཀྱི་ཞིང་ཐོན་དངོས་རྫས་དྲིལ་སྒྲོག་དང་མཚམས་སྦྱོར་བྱེད་པ། ཞིང་ཐོན་དངོས་རྫས་འགྲེམ་འཚོང་གི་སྟེགས་བུ་བཙུགས་ནས་དངོས་རྫས་བཙོང་དཀའ་བའི་གནད་དོན་ཐག་གཅོད་པ། ཞིང་བས་ས་ཞིང་བདག་གཉེར་ཁེ་ཕན་འཕར་སྣོན་དང་ཞིང་ལས་ཐོན་ལས་ཅན་གྱི་བདག་གཉེར་གྱི་རྣམ་པ་ཧུར་ཐག་གིས་གསར་སྐྲུན། ལེགས་བསྡུས་ཞིབ་གཉེར་གྱི་བགྲོད་ལམ་དུ་འགྲོ་བ། ཞིང་ལས་ཐོན་ལས་ཅན་དུ་གཏོང་བ་སོགས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་པ་དང་། “ཀུང་ཟི་དང་ཞིང་བ་ཁྱིམ་ཚང་གིས་མཉམ་དུ་བདག་གཉེར་བྱེད་པའི”རྨང་གཞིའི་སྟེང་། “ཀུང་ཟི་དང་རྟེན་གཞི། ཞིང་བ་ཁྱིམ་ཚང་བཅས་ཀྱིས་མཉམ་ལས་བྱེད་པ”དང“ཀུང་ཟི་དང་རྟེན་གཞི། ཆེད་ལས་མཉམ་ལས་ཁང་། ཞིང་བ་ཁྱིམ་ཚང་བཅས་ཀྱིས་མཉམ་དུ་བདག་གཉེར”བྱེད་པའི་ལམ་དུ་སྙེག་ནས། མུ་མཐུད་དུ་ཞིང་བའི་རྨོ་འདེབས་ཀྱི་ཉེན་ཁ་ཆེས་དམའ་བའི་ཚད་དུ་སླེབས་དགོས་ལ། ཆེད་ལས་མཉམ་ལས་ཁང་དང་ལས་རིགས་མཐུན་ཚོགས་རྩ་འཛུགས་བྱེད་པ་སོགས་བརྒྱུད། ཁྱིམ་ཚང་སྟོང་ཕྲག་མང་བོའི་ཐར་ཐོར་གྱི་བདག་གཉེར་བྱེད་སྟངས་ལེགས་སྒྲིག་བྱས་ཏེ། ས་ཁོངས་ཅན་གྱི་སྒྲིག་སྟངས་དང་ཞིབ་ལས་ཅན་གྱི་ཐོན་སྐྱེད། ཚད་ལྡན་ཅན་གྱི་བདག་གཉེར། ཚན་རིག་ཅན་གྱི་དོ་དམ་བཅས་ཀྱིས་ས་ཞིང་གི་ཕན་འབྲས་དེ་བརྟན་བརླིང་ངང་གོང་དུ་སྤེལ་དགོས།

དྲུག ཞིང་ལས་ཚན་རྩལ་ཁྱབ་གདལ་དུ་གཏོང་བའི་ཤུགས་ཆེ་རུ་བསྐྱེད་དེ་ཞིང་ལས་ཚན་རྩལ་གྱི་འདུས་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས།

  ས་ཞིང་གི་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས་ན་གནད་འགག་ཚན་རྩལ་ལ་བརྟེན་དགོས་པས། ས་ཁུལ་སོ་སོར་ཞིང་ལས་ཚན་རྩལ་ཁྱབ་གདལ་གྱི་ཞབས་ཞུ་མ་ལག་འཛུགས་པར་ཤུགས་སྣོན་དང་། ཞིང་ལས་ཚན་རྩལ་ཞབས་ཞུ་མི་སྣའི་ཐོབ་ཐང་ཇེ་མཐོར་གཏོང་བ། ཞིང་ལས་འཕྲུལ་ཆས་དང་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བ་བཅས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་དགོས་པ་དང་། ཞིང་ལས་ཚན་རྩལ་ཁྱབ་གདལ་ཞབས་ཞུའི་ནང་རྐྱེན་གསར་སྐྲུན་དང་ཚན་རྩལ་མི་སྣས་སྡེ་བར་འགན་ལེན་དང་། ཁྱིམ་ཚང་ལ་འབྲེལ་འདྲིས་བྱེད་པའི་འགན་ཁུར་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ། ཞིང་ལས་ལག་རྩལ་གསར་བ་ཁྱབ་གདལ་དུ་གཏོང་བ་སོགས་ལ་ཤུགས་ཆེ་རུ་བསྐྱེད་དགོས་ལ། རྨོ་ཞིང་བེད་མེད་དུ་བཞག་པའི་ས་ཁུལ་ལ་དམིགས་ནས། ཤུགས་ཆེན་པོས་ཞིང་ལས་ལག་རྩལ་གསོ་སྦྱོང་བྱས་ཏེ་ཚན་རྩལ་བྱང་ཚད་མཐོར་འདེགས་སུ་གཏོང་དགོས་པ་ལས། སོན་བཟང་ནང་འདྲེན་དང་ཁྱབ་གདལ་དུ་གཏོང་བའི་བྱ་བ་དམ་འཛིན་དང་། རྨོ་འདེབས་བྱེད་སྟངས་ཧུར་ཐག་གིས་ལེགས་སྒྱུར། འགྱིག་ཤོག་འགེབས་པ་སོགས་ཀྱི་རྨོ་འདེབས་བྱེད་སྟངས་གསར་བའི་ལམ་ལུགས་ཤུགས་ཆེན་པོས་དར་སྤེལ། འཕྲུལ་ཆས་ཅན་དང་འཕྲུལ་ཆས་ཅན་ཕྱེད་ཙམ་བཀོལ་ནས་ངལ་རྩོལ་ཇེ་ཡང་དུ་གཏོང་བ། ཚན་རྩལ་འདུས་ཚད་དང་འཕྲུལ་ཆས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་ཀྱིས། བེད་མེད་དུ་འཇོག་པའི་ས་ཞིང་ཇེ་ཉུང་དུ་གཏོང་དགོས་པ་ལས། ཚད་ལྡན་ཅན་དང་སྔོ་ལྗང་ཅན། སྤྱི་གནོད་མེད་པའི་ཐོན་སྐྱེད་དངོས་སྤྱོད་ལག་རྩལ་ཧུག་ཐག་གིས་ཁྱབ་སྤེལ་དང་། སྐྱེ་ཁམས་ལས་ཆོད་མཐོ་བའི་ཞིང་ལས་ནུས་ཡོད་ཀྱིས་གོང་འཕེལ་དུ་གཏོང་བ་བཅས་བྱས་ནས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས་པ་དང་། ཚན་རྩལ་ཁྱབ་གདལ་དང་བཀོལ་སྤྱོད་བྱས་པ་བརྒྱུད་ནས་ས་ཞིང་གི་ཐོན་ཚད་དང་། ཞིང་ལས་ཐོན་ཁུངས་བེད་སྤྱོད་བྱེད་ཚད་མཐོར་འདེགས་སུ་བཏང་ནས། མང་འདེབས་ཉུང་སྡུད་དང་ཐོན་འཕར་ཡོང་ཉུང་གི་གནད་དོན་ཐག་བཅད་དེ། ཚན་རྩལ་འདེགས་སྐྱོར་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས།

བདུན། དོན་དངོས་ཀྱིས་མགོ་ཁྲིད་ལ་ཤུགས་བསྣན་ནས་བྱ་བའི་ཤུགས་ཚད་ཆེ་རུ་བསྐྱེད་དགོས།

བེད་མེད་དུ་བཞག་པའི་ས་ཞིང་གི་གནད་དོན་ཐག་གཅོད་རྒྱུ་ནི་ཞིང་ལས་ཐོན་འཕར་དང་། ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཕྱོགས་ཡོངས་ལ་འབྲེལ་བ་ཡོད་པས། ས་ཁུལ་སོ་སོས་ས་ཞིང་བེད་མེད་དུ་བཞག་པའི་གནད་དོན་ཐག་གཅོད་པ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་པ་དང་། འགོ་ཁྲིད་རྩ་འཛུགས་ལ་ཤུགས་བསྣན་ནས་རིམ་བཞིན་འགན་ཁུལ་དངོས་འབེབས་དང་། དམིགས་འབེན་འགན་ཁུར་གསལ་བོ་བྱེད་པ། བྱ་བའི་འགན་ཁུར་དངོས་འབེབས་བྱེད་པ། ནུས་ཡོད་ཀྱི་བྱེད་ཐབས་སྤྱད་ནས་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱེད་དགོས་ལ། ཁུལ་དང་ཏིས། གྲོང་ཁྱེར་སྲིད་གཞུང་གིས་བཀོད་སྒྲིག་ཞིབ་མོ་བྱས་ནས། ལྟ་སྐུལ་ཞིབ་བཤེར་བྱ་བ་ལེགས་འཛིན་བྱེད་དགོས། རྫོང་དང་ཞང་སྲིད་གཞུང་གིས་བེད་མེད་དུ་བཞག་པའི་ས་ཞིང་སླར་གསོ་བྱེད་པར་ཐད་ཀར་གྱིས་འགན་ཁུར་ཡོད་པས། རྫོང་རིམ་པའི་གཙོ་གཉེར་མགོ་ཁྲིད་པས་དོན་དངོས་ཀྱིས་དངོས་འབེབས་དང་། བྱ་བའི་ཁྲོད་ཀྱི་གནད་དོན་དང་འགལ་བ་དུས་ཐོག་ཏུ་ཐག་གཅོད་དགོས་པ་ལས། ཞང་དང་གྲོང་བརྡལ་གྱི་འགོ་ཁྲིད་པས་སྡེ་བའི་ལས་བྱེད་པ་ཁྲིད་ནས། ཞིང་བའི་ཁྱིམ་ཚང་དང་ཞིང་ཁར་སོང་ནས་ཁྱིམ་ཚང་རེ་རེ་དང་ས་ཞིང་རེ་རེར་ཞིབ་བཤེར། བེད་མེད་དུ་བཞག་པའི་ས་ཞིང་གི་གནས་ཡུལ་དང་གཞི་ཁྱོན། འགན་གཙང་ལེན་ཁྱིམ་ཚང་བཅས་གསལ་བོར་ཤེས་པར་བྱས་ཏེ་རིགས་བཀར་ནས་མཛུབ་སྟོན་དང་། བེད་མེད་དུ་བཞག་པའི་ས་ཞིང་ཡང་བསྐྱར་འདེབས་པའི་འཆར་གཞི་གཏན་འབེབས་བྱེད་དགོས། རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས་སྡེ་ཁག་གིས་གཅིག་ནས་རྨོ་ཞིང་སྲུང་སྐྱོབ་བྱེད་པའི་ཐད་ལ་ཤུགས་བསྣན་ནས། ཁྲིམས་དང་འགལ་བའི་བྱ་སྤྱོད་དུས་ལྟར་བཀག་འགོག་དང་ཞིབ་བཤེར་ཐག་གཅོད་བྱེད་དགོས་ལ། གཉིས་ནས་ཞིང་ཕྱུགས་སྡེ་ཁག་གིས་བེད་མེད་དུ་བཞག་པའི་ས་ཞིང་སླར་གསོ་བསྐྱར་འདེབས་བྱེད་པའི་ཐད་ལག་རྩལ་འདོན་སྤྲོད་བྱས་ནས། ཚན་རྩལ་ཞབས་ཞུའི་མཛུབ་སྟོན་གང་ལེགས་སྒོས་སྒྲུབ་དགོས་པ་དང་། གསུམ་ནས་ཆུ་བེད་སྡེ་ཁག་གིས་བེད་མེད་དུ་བཞག་པའི་ས་ཞིང་གི་ཆུ་བེད་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས་ཆུ་རྐའི་མ་ལག་གི་ཆ་ཚང་སྒྲིག་གཞི་འཛུགས་སྐྲུན་ལེགས་སྒྲུབ་བྱེད་དགོས་པ་དང་། བཞི་ནས་ནོར་སྲིད་སྡེ་ཁག་གིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་ཚད་ཆེ་རུ་བསྐྱེད་དེ་ཐོན་ཚད་དམའ་བ་དང་འབྲིང་ཙམ་གྱི་ཞིང་ཁ་སྒྱུར་བཅོས་ཐད་ཀྱི་མ་དངུལ་ཇེ་མང་དུ་གཏོང་དགོས་ལ། ལྔ་ནས་དབུལ་སྐྱོར་གསར་སྤེལ་སྡེ་ཁག་གིས་དབུལ་ཕོངས་ས་ཁུལ་གྱི་ཐོན་ལས་དབུལ་སྐྱོར་གྱི་མཁྲེགས་གཏོར་ནུས་པ་ཆེ་རུ་བསྐྱེད་དགོས། དྲུག་ནས་བསྡོམས་རྩིས་སྡེ་ཁག་གིས་ཞིང་ལས་ལོ་ཏོག་འདེབས་པའི་གཞི་ཁྱོན་གྱི་དྲང་བདེན་ལ་ཞིབ་དཔྱད་བྱས་ནས། སོན་བཟང་གི་ཁ་གསབ་སོགས་ཞིང་ཕན་སྲིད་ཇུས་དངོས་འབེབས་བྱེད་སའི་གཞི་འཛིན་ས་འདོན་སྤྲོད་བྱེད་པ་བཅས་བྱེད་དགོས་པས། སྡེ་ཁག་སོ་སོས་ཕན་ཚུན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་དང་ནུས་ཤུགས་ཡོད་དགུས་རོགས་ལས། ཆ་འཕྲིན་བརྗེ་རེས་བཅས་བྱས་ནས་ས་ཁུལ་སོ་སོའི་བེད་མེད་དུ་བཞག་པའི་ས་ཞིང་སླར་གསོ་བསྐྱར་འདེབས་ཁྲོད་ཀྱི་བྱ་བའི་ཉམས་མྱོང་བཟང་བོ་དུས་ཐོག་ཏུ་སྤྱི་བསྡོམ་དང་ཁྱབ་སྤེལ་བྱས་ཏེ། རིམ་པ་སོ་སོའི་སྲིད་གཞུང་གིས་ལོ་རེའི་དུས་བཅད་ལྟར་ཞིང་ཕྱུགས་དང་། རྒྱལ་ཁབ་མངའ་ཁོངས་ཐོན་ཁུངས། ནོར་སྲིད་སོགས་སྡེ་ཁག་རྩ་འཛུགས་བྱས་ཏེ། བེད་མེད་དུ་བཞག་པའི་ས་ཞིང་གནད་དོན་ལ་མངོན་གསལ་སྒོས་རྟོག་ཞིབ་དང་རྩད་གཅོད་བྱས་པའི་བྱ་བ་ཡོངས་བསྒྲོག་དང་། གཞི་རིམ་དང་ཞིང་བས་ཡར་ཞུ་བྱས་བའི་གནད་དོན་གཙིགས་སུ་བཟུང་སྟེ་འོས་མཐུན་གྱིས་ཐག་གཅོད། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ནས། རྨོ་ཞིང་བེད་མེད་དུ་འཇོག་པ་གཏན་འགོག་དང་ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་ངང་གོང་དུ་སྤེལ་བར་ཁག་ཐེག་བྱེད་དགོས།
 

རྩོམ་སྒྲིག་པ། ཤ་བོ་སྐྱབས།

支持此新闻
返回首页
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
"
པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག
Copyright © 2004-2011 QHTB All Rights Reserved
ཡིག་ཟམ། kharsham@163.com        ཁ་པར། ༠༩༧༡༦༣༢༩༣༢༣         青ICP备05002201号-2