ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཏུའུ་ལོ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།
2017.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཏུའུ་ལོ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། མཱ་ཏུའུ་ལོ་ཕྱི་རྒྱལ་གྱི་རྒྱུ་ནོར་ཚོད་འཛིན་གཞུང་སྒྲུབ་ཁང་གི་བཀག་སྡོམ་མིང་ཐོའི་ནང་འཇོག་རྒྱུ་ཡིན་ཟེར། བཀག་སྡོམ་བྱེད་ཐབས་ལྟར་ན། མཱ་ཏུའུ་ལོ་ཡི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་ཉར་བྱེད་རྒྱུ་ཡིན་པ་དང་། ཞོར་དུ་ཨ་མེ་རི་ཁའི་མི་ཡིས་ཁོ་དང་ཉོ་ཚོང་འགྲོ་འོང་བྱེད་པ་གཏན་འགོག་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་མུའུ་ནོའུ་ཆན་གྱིས་ཉིན་དེའི་གསལ་སྒྲོག་ནང་བཤད་རྒྱུར། ཝེ་ནེ་ཙུའེ་ལཱའི་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་གྱི་འདེམ་བསྐོའི་བྱ་འགུལ་ཁྲིམས་འགལ་ཡིན་པ་དང་། བདམས་ཐོན་བྱུང་བའི་ཝེ་ནེ་ཙུའེ་ལཱའི་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་གྱི་འཐུས་མི་ཚང་མ་ཨ་མེ་རི་ཁའི་བཀག་སྡོམ་བྱ་ཡུལ་དུ་འགྱུར་ཡང་སྲིད་ཟེར།

ཝེ་ནེ་ཙུའེ་ལཱ་ཡིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་གྱི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ཝེ་ནེ་ཙུའེ་ལཱའི་མང་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་འདེམ་ཤོག་འཕེན་ས་ཁྲི་གཅིག་དང་སྟོང་བཞི་ནས་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་གྱི་ཁོངས་མིའི་ཁྲོད་ཀྱི་མི་ལྔ་བརྒྱ་དང་སོ་བདུན་བདམས་པ་དང་། གཞན་ཡང་གཞིས་སྡོད་པའི་ཁོངས་མི་བརྒྱད་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བདམས་ཐོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་གསལ་སྒྲོག་སྤེལ་ཏེ་ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གི་ཉིན་དེའི་འདེམ་བསྐོའི་བྱ་འགུལ་ལ་རྒོལ་གཏམ་བཏང་བ་དང་། ཨ་མེ་རི་ཁས་མུ་མཐུད་དུ་ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་ལ་མྱུར་མོར་བྱེད་ཐབས་དྲག་པོ་ལག་བསྟར་བྱེད་རྒྱུའི་ཚུལ་བསྟན།

ད་ལོའི་ཟླ་ལྔ་བའི་ཚེས་གཅིག་ཉིན། ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་གྱི་འཕེལ་རིམ་མགོ་བརྩམས་ཏེ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཡང་བསྐྱར་གཏན་འབེབས་བྱས་ནས། རྒྱལ་ཁབ་ཀྱི་ཞི་བདེ་ལ་སྲུང་སྐྱོབ་དང་རྒྱལ་ནང་གི་གྲོས་མོལ་ལ་ཡར་སྐུལ་གཏོང་བ། མིག་སྔའི་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་རྒྱུ་ཁྱབ་སྒྲོག་བྱས། ངོ་རྒོལ་ཏང་མནའ་འབྲེལ་གྱིས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་དང་། འདེམ་བསྐོའི་སྔོན་གྱི་གཟའ་འཁོར་གཅིག་གི་ནང་བསྟུད་མར་ངོ་རྒོལ་བྱ་འགུལ་རབ་དང་རིམ་པ་སྤེལ་བ་རེད།