ཐུར་ཁེའི་དམག་མི་འགས་སི་རི་ཡཱའི་ཡུལ་གྱར་བར་མནར་གཅོད་བཏང་བས་འཛིན་བཟུང་བྱས།
2017.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

ཐུར་ཁེའི་དྲག་ཆས་དམག་དཔུང་གི་སྤྱིའི་ཇུས་འདོན་པུའུ་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་ཡུལ་གྱར་བར་མནར་གཅོད་བཏང་བར་འབྲེལ་བ་ཡོད་པའི་ཐུར་ཁེའི་དམག་མི་འགའ་འཛིན་བཟུང་བྱས་ནས། ཁྲིམས་འཛིན་གྱི་རྟོག་ཞིབ་དང་ལེན་བྱས།

བསྒྲགས་པ་ལྟར་ན། ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན། ཐུར་ཁེའི་ལྷོ་ཕྱོགས་ཀྱི་ཧཱ་ཐཱ་དབྱེ་ཞིང་ཆེན་གྱི་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་སུ། དམག་མིས་སྐོར་གཡེང་བྱེད་སྐབས་རྒྱལ་མཚམས་བརྒལ་ཏེ་ཐུར་ཁེ་རུ་འགྲོ་རྩིས་བྱེད་པའི་སི་རི་ཡཱའི་ཡུལ་གྱར་བ་བཞི་འཛིན་བཟུང་བྱས། སི་རི་ཡཱའི་ཡུལ་གྱར་བ་འགའ་མཐར་སྐྲོད་བཏང་ཡོད་ཀྱང་། ཐུར་ཁེའི་དམག་མིས་ཡུལ་གྱར་བ་བཞི་བཟུང་ནས་མནར་གཅོད་བྱས་པ་རེད།

དོན་རྐྱེན་དེའི་ཁྲོད་ཐུར་ཁེའི་དམག་མི་ཞིག་གིས་ཁ་པར་བཀོལ་ནས་བརྙན་རིས་བླངས་པ་དང་། འཕྲིན་གཏོང་མཉེན་ཆས་ལ་བརྟེན་ནས་བརྙན་རིས་དེ་འཇར་མན་གྱི་འབྲེལ་གཏུག་པར་བསྐུར་བ་རེད། བརྙན་རིས་ཁྲོད། ཐུར་ཁེའི་དམག་མིས་སི་རི་ཡཱའི་མི་བཞིའི་མཐའ་བསྐོར་ནས་གཅར་རྡུང་བྱེད་བཞིན་ཡོད། བརྙན་རིས་དེ་དྲ་ཐོག་ནས་བརྒྱུད་བསྐུར་མང་དུ་བྱས་ཏེ་སྐྱོན་བརྗོད་རྒྱ་ཆེན་པོ་ཐོབ་པ་རེད།

ཐུར་ཁེའི་དམག་ཕྱོགས་ཀྱིས་བཤད་རྒྱུར། དམག་མིས་བསམ་བཞིན་དུ་ཡུལ་གྱར་བར་མནར་གཅོད་བྱེད་པའི་བྱ་སྤྱོད་དེས་ཐུར་ཁེའི་དམག་དཔུང་གི་སྣང་བརྙན་ལ་གཏོར་བརླག་བཏང་ཡོད་པ་དང་། དམག་ཕྱོགས་ཀྱིས་དོན་དེར་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར།