ཨ་ཧྥུའུ་ཧན་དུ་སྡོད་པའི་དབྱི་རག་གི་གཞུང་ཚབ་ཁང་ལ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས།
2017.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ས་ཁཱ་པོར་ཉེན་ཟོན་ཁུལ་བཅུ་བར་ཡོད་པའི་ཨ་ཧྥུའུ་ཧན་དུ་སྡོད་པའི་དབྱི་རག་གི་གཞུང་ཚབ་ཁང་ལ་ཉིན་དེར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་པ་དང་། ཉུང་མཐར་ཡང་གཞུང་ཚབ་ཁང་གི་ཉེན་རྟོག་པ་གཅིག་ལ་རྨས་ཕོག་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་བཅུའི་ཡས་མས་སུ་བྱུང་བ་དང་། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་གཞུང་ཚབ་ཁང་གི་ཉེ་འདབས་སུ་རླངས་འཁོར་འགས་གཏོར་བཏང་། དྲག་ཆས་ཉེས་ཅན་གཞན་པ་གསུམ་གྱིས་དེའི་རྗེས་སུ་ཟང་ཟིང་གི་གོ་སྐབས་དང་བསྟུན་ནས་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་པར་མ་ཟད་བདེ་འཇགས་མི་སྣའི་བར་འཁྲུག་རྩོད་བྱས་པ་རེད།

ཡུལ་དངོས་ནས་མཐོང་བའི་གནས་ཚུལ་ལྟར་ན། གཞུང་ཚབ་ཁང་དེ་ཡོད་སའི་སྲང་ལམ་ལ་ཉེན་རྟོག་ཕྱོགས་ཀྱིས་བཀག་སྡོམ་བྱས་ཡོད་པ་དང་། འཁྲུག་རྩོད་བྱེད་སྐབས་བསྟུད་མར་ཉེན་རྟོག་པ་དང་དམིགས་བསལ་དམག་དཔུང་། སྨན་བཅོས་མི་སྣ་བཅས་ཁ་སྣོན་བྱེད་བཞིན་ཡོད།

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡིས་མིག་སྔར་གཞུང་ཚབ་ཁང་གི་མི་སྣའི་ཤི་རྨས་གནས་ཚུལ་གསལ་བོར་བསྒྲགས་མེད། ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེ་ལས་ཉུང་མཐར་ཡང་གཞུང་ཚབ་ཁང་གི་བདེ་འཇགས་མི་སྣ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་ཡོད།