ཨེ་ཅིབ་དང་ཞི་ལཱ་ཡིས་ས་དཀྱིལ་མཚོ་ཁོངས་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།
2017.08.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

ཨེ་ཅིབ་དམག་ཕྱོགས་ཀྱིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་དང་ཞི་ལཱ་རྒྱལ་ཁབ་གཉིས་ཀྱིས་ཉིན་དེ་ནས་བཟུང་ས་དཀྱིལ་མཚོ་ཁོངས་ནས་ཚབ་མིང་ལ་ཉིས་སྟོང་བཅུ་བདུན་ལོའི་མཱེ་ཏུའུ་ཧྲ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་ལ་ཤུགས་སྣོན་པ་དང་། ལག་རྩལ་བརྗེ་རེས་ལ་ཡར་སྐུལ་གཏོང་བ། དམག་མིའི་རྩལ་ནུས་ཇེ་མཐོར་གཏོང་བ་བཅས་ཀྱི་ཆེད་ཡིན། ཨེ་ཅིབ་ཕྱོགས་ཀྱིས་ནུབ་བྱང་རླུང་རིམ་པའི་མཚོ་སྐམ་གཉིས་སྤྱོད་ཀྱི་དཔུང་འཇུག་གྲུ་གཟིངས་དང་སྤྱོད་སྒོ་མང་བའི་ཉེན་སྲུང་གྲུ་གཟིངས། S41རྟགས་ཅན་གྱི་ཆུ་འཛུལ་གྲུ་གཟིངས། F16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་སོགས་དམག་དོན་སྦྱོང་བརྡར་ལ་མངག་རྒྱུ་ཡིན་ཟེར།

ཨེ་ཅིབ་དང་ཞི་ལཱ་རྒྱལ་ཁབ་གཉིས་ཀྱིས་ཉིས་སྟོང་བཅོ་ལྔ་ལོར་ཚབ་མིང་ལ་ཉིས་སྟོང་བཅོ་ལྔ་ལོའི་མཱེ་ཏུའུ་ཧྲ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་མྱོང་།

ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པར་སེ་ཞི་ཡིས་ཨེ་ཅིབ་ཀྱི་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ། ཨེ་ཅིབ་དང་ནུབ་ཕྱོགས་རྒྱལ་ཁབ་མང་བོས་དམག་དོན་མཉམ་ལས་མང་དུ་སྤེལ་བ་རེད།

ད་ལོའི་ཟླ་བཞི་བར། ཨེ་ཅིབ་དང་ཨ་མེ་རི་ཁས་མཚོ་དམར་མཚོ་ཁོངས་ནས་ཚབ་མིང་ལ་ཉིས་སྟོང་བཅུ་བདུན་ལོའི་གླག་རྒོད་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་དང་། ཟླ་བདུན་པར་ཨེ་ཅིབ་དང་ཧྥ་རན་སི་ཡིས་ས་དཀྱིལ་མཚོ་ཁོངས་དང་མཚོ་དམར་མཚོ་ཁོངས་ནས་ཚབ་མིང་ལ་ཉིས་སྟོང་བཅུ་བདུན་ལོའི་ཁི་ལི་པཱ་ཐི་ལཱ་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་རེད།