མཱ་ཏཱ་ཀ་སི་ཁཱ་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་ཉེར་གསུམ་རྐྱེན་ལམ་དུ་ཤོར།
2017.08.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

མཱ་ཏཱ་ཀ་སི་ཁཱའི་འགྲིམ་འགྲུལ་པུའུ་ཀྲང་ལཱ་མཱ་ནན་ཁྲུའུ་ཨ་ཡིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་གསར་འགྱུར་ལས་རིགས་ལ་བསྟན་དོན། མཱ་ཏཱ་ཀ་སི་ཁཱའི་རྒྱལ་ས་ཐཱ་ནཱ་ནཱ་ལེ་ཧྥོ་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་བདུན་ཅུའི་མཚམས་སུ་ཡོད་པའི་ཨ་ཁཱ་ཙུའུ་པེ་གྲོང་རྡལ་ནས་ཉིན་དེར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཟེར།

བསྒྲགས་པ་ལྟར་ན། འགྲིམ་འགྲུལ་དོན་རྐྱེན་དེ་ནི་ཉིན་དེའི་ཞོགས་པར་བྱུང་བ་དང་། སྐབས་ཐོག་དེར་རླངས་འཁོར་སྟེང་དུ་བསྡོམས་པས་མི་བརྒྱ་དང་བཞི་བཅུ་ཡོད་ལ། ནུབ་བྱང་ཕྱོགས་ཀྱི་མཱ་རིན་ཀཱ་གྲོང་ཁྱེར་དུ་འགྲོ་རྩིས་རེད། སྲོག་ཉེན་ལས་ཐར་བའི་མིས་བཤད་རྒྱུར། རླངས་འཁོར་དེ་ཨ་ཁཱ་ཙུའུ་པེ་རི་ཁུལ་གྱི་ལ་ངོ་ཞིག་བརྒྱུད་སྐབས། རླངས་འཁོར་དེ་ཤུད་ནས་གཏིང་ཚད་ལ་རྨིད་བཞི་བཅུ་ཡོད་པའི་གྲོག་རོང་དུ་ལྷུང་བ་རེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། རྨས་མ་ཚང་མ་ཉེ་འདབས་ས་ཁུལ་དང་རྒྱལ་སའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། སྨན་ཁང་གི་མིང་བཤད་མི་འདོད་པའི་སྨན་བཅོས་མི་སྣ་ཞིག་གིས་བཤད་རྒྱུར། རྨས་མ་སྐོར་ཞིག་གི་རྨས་སྐྱོན་ཅུང་ཚབས་ཆེན་ཡིན་པས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

ད་ལོའི་ཟླ་དང་པོར། མི་གང་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཞིག་མཱ་ཏཱ་ཀ་སི་ཁཱའི་དབུས་ཕྱོགས་ས་ཁུལ་ནས་གཙང་བོར་ལྷུང་སྟེ་མི་ཞེ་ལྔ་རྐྱེན་ལམ་དུ་ཤོར་བ་རེད།