དབྱི་ཐཱ་ལེའི་ཕྱི་འབྲེལ་བློན་ཆེན་གྱིས་ཁཱ་ཐར་ལ་འཚམས་འདྲི་བྱས་པ་དང་རྒྱལ་ཁབ་གཉིས་ཀྱིས་ཡོ་སྒོར་ཐེར་འབུམ་ལྔའི་དམག་ཆས་ཕྱིར་འཚོང་གྲོས་མཐུན་བཀོད།
2017.08.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་དང་། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་བཅས་ཀྱི་རྗེས་སུ། དབྱི་ཐཱ་ལེའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཡི་པུའུ་ཀྲང་ཨ་ཨར་ཧྥ་ནོའུ་ཚེས་གཉིས་ཉིན་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ལ་འབྱོར་ནས་འཚམས་འདྲི་བྱེད་མགོ་བརྩམས། རྒྱལ་ཁབ་གཉིས་ཀྱིས་ཉིན་དེར་རིན་ཐང་ཡོ་སྒོར་ཐེར་འབུམ་ལྔ་འི་དམག་ཆས་ཕྱིར་འཚོང་གྲོས་མཐུན་བཀོད།

ཁཱ་ཐར་གྱི་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་ཡིས་ཨ་ཨར་ཧྥ་ནོའུ་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། གྲོས་མཐུན་ལྟར་ན། ཁཱ་ཐར་གྱིས་དབྱི་ཐཱ་ལེ་ནས་ཡོ་སྒོར་ཐེར་འབུམ་ལྔ་ཡིན་ཞིང་དམག་གྲུ་བདུན་འདུས་པའི་དམག་དོན་སྒྲིག་ཆས་ཉོ་རྒྱུ་རེད། དམག་དོན་སྒྲིག་ཆས་དེ་དག་གི་མངག་ཉོ་ཡི་གེ་ནི་ཕྱོགས་གཉིས་ཀྱི་དམག་དོན་མཉམ་ལས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་རེད།

ཨ་ཨར་ཧྥ་ནོའུ་ཡིས་བསྟན་དོན། དབྱི་ཐཱ་ལེ་ཡིས་ཁཱ་ཐར་བར་གྱི་འགོག་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཀྱང་། ཕྱོགས་གཉིས་ཀྱི་མཉམ་ལས་དེ་དམག་དོན་ཁྱབ་ཁོངས་ཁོ་ནར་ཚོད་འཛིན་མི་བྱེད་པ་དང་། ཁཱ་ཐར་ལ་དམག་དོན་སྒྲིག་ཆས་འདོན་སྤྲོད་བྱེད་པའི་གནད་དོན་ཁོ་ནར་ཡང་འབྲེལ་མེད། མཉམ་ལས་དེ་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་སུ་རྒྱ་བསྐྱེད་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་མི་འགྱངས་པར་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གྲོས་མཐུན་འགོད་རྒྱུ་ཡིན་ཟེར།

ཨ་ཨར་ཧྥ་ནོའུ་ཡིས་ཉིན་དེར་ཁཱ་ཐར་གྱི་མགོ་གཙོ་ཐཱ་མུས་མུའུ་དང་། ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་སོགས་ཁཱ་ཐར་ཕྱོགས་ཀྱི་མི་སྣ་གཙོ་བོར་གྲོས་མོལ་བྱས་ཤིང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་ས་ཁུལ་གྱི་གནས་བབ། ཁྱད་པར་དུ་ཁཱ་ཐར་བར་གྱི་འབྲེལ་ཐག་བཅད་པའི་ཉམས་ཉེན་སོགས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གླེང་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར།

བསྟུད་མར་ཉིན་འགའི་རིང་། འཇར་མན་དང་དབྱིན་ཇི། ཧྥ་རན་སི། ཨ་མེ་རི་ཁ། དབྱི་ཐཱ་ལེ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་སྔ་གཞུག་ཏུ་ཁཱ་ཐར་ལ་མཐོ་རིམ་དཔོན་པོས་འཚམས་འདྲི་བྱེད་པར་བཀོད་སྒྲིག་བྱས། གླེང་ཕྱོགས་ཀྱིས་བལྟས་ན། ནུབ་ཕྱོགས་རྒྱལ་ཁབ་དག་གི་མཐོ་རིམ་དཔོན་པོས་ཁཱ་ཐར་ལ་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་དང་ཁཱ་ཐར་བར་དུ་ཕྱི་འབྲེལ་བར་འདུམ་བྱས་ཏེ། འབྲེལ་ཐག་བཅད་པའི་ཉམས་ཉེན་ཞི་འཇགས་སུ་གཏོང་བའི་ཆེད་དུ་རེད།

ཟླ་དྲུག་པའི་ཚེས་ལྔ་ཉིན། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པཱ་ལིན། ཨེ་ཅིབ་བཅས་ཀྱིས་ཁཱ་ཐར་གྱིས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་ནས་ས་ཁུལ་གྱི་བདེ་འཇགས་ལ་གཏོང་བརླག་བྱས་པ་རྒྱུ་མཚན་དུ་བྱས་ཏེ་ཁཱ་ཐར་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས་པ་རེད། ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་བཞི་ཡིས་ཁི་ཝེ་ཐིའི་མགོ་ཁྲིད་པས་ཁཱ་ཐར་ལ་འབྲེལ་ཐག་བཅད་པའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཆ་རྐྱེན་བཏོན་ཏེ། ཁཱ་ཐར་གྱིས་ཉིན་བཅུའི་ནང་ལན་འདེབས་དགོས་པའི་ཚད་བཀག་བྱས། ཁཱ་ཐར་ཕྱོགས་ཀྱིས་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱིས་བཏོན་པའི་རེ་བས་ཁཱ་ཐར་གྱི་བདག་དབང་ལ་ཚོད་འཛིན་བྱས་ཡོད་ཟེར།