རོ་མཱ་ནི་ཡཱ་ཡིས་དབྱི་ཐཱ་ལེ་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་མ་འོངས་པར་འབྲེལ་བའི་གྲོས་མོལ་ལ་ཤུགས་སྣོན་བྱེད་འདོད་ཡོད།
2018.04.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

རོ་མཱ་ནི་ཡཱའི་ཙུང་ལི་ཏིན་ཆི་ལེ་ཡིས་ཚེས་བཅུ་དགུའི་ཉིན་བསྟན་དོན། རོ་མཱ་ནི་ཡཱ་ཡིས་དབྱི་ཐཱ་ལེ་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་མ་འོངས་པར་འབྲེལ་བའི་གྲོས་མོལ་ལ་ཤུགས་སྣོན་བྱེད་འདོད་ཡོད་པ་དང་། མཉམ་དུ་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་དགོས་ཟེར།

ཉིན་དེར་ཏིན་ཆི་ལེ་ཡིས་འཚམས་འདྲིར་ཡོང་བའི་དབྱི་ཐཱ་ལེའི་ཙུང་ལི་ཀྲིན་ཏིས་ལོ་ནེ་དང་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རོ་མཱ་ནི་ཡཱ་ཡིས་སང་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་མ་འོངས་པར་འབྲེལ་བའི་གྲོས་བསྡུར་ནང་ཧུར་ཐག་སྒོས་ཞུགས་འདོད་ཡོད་ཟེར། ཁོ་མོས་བཤད་རྒྱུར། དམིགས་བསལ་གྱི་གྲོགས་པོ་ཡིན་པའི་ཆ་ནས་རོ་མཱ་ནི་ཡཱ་དང་དབྱི་ཐཱ་ལེ་རྒྱལ་ཁབ་གཉིས་བར་ཡོ་རོབ་གླིང་གི་གཅིག་གྱུར་དང་། གཏན་འཇགས། སྟོབས་ལྡན་བཅས་ཀྱི་གནད་དོན་ཐད་ཐུན་མོང་གི་ལྟ་ཚུལ་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱིས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ་མཉམ་དུ་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བ་སོགས་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཕྱོགས་གཉིས་ཀྱི་འབྲེལ་བ་གླེང་སྐབས་ཏིན་ཆི་ལེ་ཡིས་བཤད་རྒྱུར། དབྱི་ཐཱ་ལེ་ནི་རོ་མཱ་ནི་ཡཱའི་ཉོ་ཚོང་གྲོགས་པོ་གཉིས་པ་ཡིན་ཞིང་། ན་ནིང་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ཡོ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་བཞི་ལ་བསླེབས་ཏེ་ལོ་བཅུའི་རིང་གི་ཆེས་མཐོ་བའི་ཆུ་ཚད་དུ་བསླེབ་ཡོད་ཟེར།

ཀྲིན་ཏིས་ལོ་ནེ་ཡིས་བསྟན་དོན། དབྱི་ཐཱ་ལེ་ཡིས་ཁྱབ་ཁོངས་སོ་སོ་ནས་རོ་མཱ་ནི་ཡཱའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད། དབྱི་ཐཱ་ལེ་རོ་མཱ་ནི་ཡཱའི་ཞིང་ལས་དང་ལག་རྩལ་གསར་གཏོད། ནུས་ཁུངས། དངུལ་ཁང་ལས་རིགས། རྒྱལ་སྲུང་སོགས་ཁྱབ་ཁོངས་ཀྱི་དངུལ་གཏོང་འཛུགས་སྐྲུན་ནང་ཞུགས་པར་སྤྲོ་བ་ཡོད་ཟེར།

ཉིན་དེར་རོ་མཱ་ནི་ཡཱའི་ཙུང་ཐུང་ཡོ་ཧན་ནེ་སི་ཡིས་ཀྱང་ཀྲི་ཏིས་ལོ་ནེ་ལ་ཐུག་འཕྲད་བྱས།