ཧན་གོ་དང་ཁྲའོ་ཞན་གྱིས་མགོ་གཙོའི་ཆེད་སྤྱོད་ཁ་པར་བཙུགས་ནས་ཚོད་ལྟ་བྱས།
2018.04.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 3

ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་ཆེད་སྤྱོད་ཁ་པར་ཚེས་ཉི་ཤུའི་ཉིན་དངོས་སུ་བཙུགས་ནས། ཕྱོགས་གཉིས་ཀྱིས་ཉིན་དེར་ཚོད་ལྟ་བྱས།

ཧན་གོའི་ལྷོ་བྱང་མགོ་གཙོའི་གྲོས་མོལ་གྱི་གྲ་སྒྲིག་ཕྱོགས་བསྡུས་གནས་ཚུལ་ཁང་གི་མགོ་བ་ཡུན་ཅན་ཡུང་གིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཆེད་སྤྱོད་ཁ་པར་དེས་ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་དང་ཁྲའོ་ཞན་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གཅིག་ཏུ་སྦྲེལ་ཡོད་ཟེར། ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ཞེ་གཅིག་སྟེང་ཧན་གོ་ཕྱོགས་ཀྱི་མི་སྣས་ཁ་པར་བཏང་བ་དང་། ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་སྐར་མ་བཞི་དང་སྐར་ཆ་བཅུ་དགུའི་རིང་ཁ་བརྡ་བྱས་པར་ཁ་པར་དེའི་སྒྲ་གསལ་ཞིང་རྒྱུན་ལྡན་ཡིན་པ་རེད།

དེ་ནི་ལོ་རྒྱུས་སྟེང་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་བར་དུ་ཐོག་དང་པོར་ཆེད་སྤྱོད་ཁ་པར་བཙུགས་པ་རེད། ཧན་གོ་དང་ཁྲའོ་ཞན་གྱིས་དེའི་སྔོན་གྲོས་བྱས་ཏེ་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་དང་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གཉིས་ཀྱིས་མགོ་གཙོའི་གྲོས་མོལ་གྱི་སྔོན་ལ་ཁ་པར་གྲོས་མོལ་བྱེད་རྒྱུའི་གྲོས་ཐག་བཅད་ཡོད།

ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན་པན་མིན་མགྲོན་ཁང་གི་ཧན་གོའི་ཕྱོགས་ཀྱི་ཞི་བདེའི་གཞིས་ཁྱིམ་ནས་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་སྤེལ་རྒྱུ་ཐག་བཅད་ཡོད།