ཝེ་ནེ་ཙུའེ་ལཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་རང་གི་ཙུང་ཐུང་འདེམ་བསྐོར་ཐེ་གཏོགས་བྱས་པར་རྒོལ་གཏམ་དྲག་པོ་བཏང་།
2018.04.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་འདེམ་བསྐོ་ལ་ཐེ་གཏོགས་བྱེད་པའི་གཏམ་བཤད་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་སྡེ་ཚོགས་གང་ཡིན་ཡང་ཝེ་ནེ་ཙུའེ་ལཱའི་བདག་དབང་ལ་ཐེ་གཏོགས་བྱེད་མི་རུང་བ་ནན་བཤད་བྱས།

བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་ཡིས་ཉིན་དེའི་སྔ་དྲོར་བསྟན་དོན། ཝེ་ནེ་ཙུའེ་ལཱ་ཡིས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ཙུང་ཐུང་འདེམ་བསྐོ་ལ་ཡིད་རྟོན་མི་རུང་བ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་འདེམ་བསྐོ་མཇུག་སྒྲིལ་རྗེས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་པུའུ་ཡི་གསལ་སྒྲོག་ལས་བཤད་རྒྱུར། མའོ་ཀའེ་ལི་ནེ་ཡི་ཐེ་གཏོགས་གཏམ་བཤད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་འགལ་ཡོད་ལ། ཝེ་ནེ་ཙུའེ་ལཱའི་བདག་དབང་ལ་ཐེ་གཏོགས་དང་གནོད་སྐྱེལ་བ་ཡིན་ལ། དེ་ལས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁའི་ངག་ལ་ཉན་བཞིན་པ་ཡང་བསྐྱར་གསལ་བོར་མངོན་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཝེ་ནེ་ཙུའེ་ལཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་བར་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱེད་འདོད་ཡོད་ཟེར།