ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ལས་ཕཱ་ལེ་སི་ཐན་གྱི་མི་བཞི་རྐྱེན་ལམ་དུ་ཤོར།
2018.04.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 2

ཕཱ་ལེ་སི་ཐན་གྱི་མི་དང་དབྱི་སི་རལ་གྱི་དམག་མིའི་བར་ཚེས་ཉི་ཤུའི་ཉིན་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་ནས་འཁྲུག་རྩོད་བྱུང་སྟེ། ཕཱ་ལེ་སི་ཐན་གྱི་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བདུན་བརྒྱ་དང་སུམ་ཅུ་ཙམ་ལ་རྨས་ཕོག

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཅཱ་ཧྲ་ས་ཁུལ་གྱི་མགྲིན་ཚབ་པ་ཁཱ་ཏི་ལཱ་ཡིས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་འཁྲུག་རྩོད་ལས་ཕཱ་ལེ་སི་ཐན་གྱི་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། འདས་པོ་དག་ནི་ལོ་བཅོ་ལྔ་ནས་ཉེར་དགུའི་བར་གྱི་ན་གཞོན་ཡིན་ལ། གཞན་ཡང་མི་བདུན་བརྒྱ་དང་སུམ་ཅུ་ཙམ་ལ་རྨས་ཕོག་ཡོད་ཟེར།

ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། ཕཱ་ལེ་སི་ཐན་གྱི་མི་སྟོང་ཕྲག་ལྷག་གིས་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་ནས་མུ་མཐུད་དུ་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ཕཱ་ལེ་སི་ཐན་གྱི་རྒྱལ་དར་བཟུང་ཞིང་ཁ་གཡང་མཐོན་པོར་བསྒྲགས་པ་དང་། སྐྱ་བ་རྙིང་བ་མེར་སྒྲོན་པར་མ་ཟད། མཐའ་མཚམས་སྲུང་བའི་དབྱི་སི་རལ་གྱི་དམག་མིའི་ཕྱོགས་སུ་རྡོ་བས་བརྒྱབ། དབྱི་སི་རལ་གྱི་དམག་མིས་རྔམ་སྟོན་ཁྲོམ་སྐོར་མཁན་གྱི་དཀྱིལ་དུ་དུད་འཕྱུར་འགད་རྫས་འཕངས་ནས་མེ་མདས་བརྒྱབ།

འཁྲུག་རྩོད་བྱུང་རྗེས། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་སྲིད་གཞུང་ལ་གནོན་ཤུགས་བྱིན་ནས། དབྱི་སི་རལ་གྱིས་མུ་མཐུད་དུ་ཕཱ་ལེ་སི་ཐན་གྱི་མི་དམར་གསོད་གཏོང་བའི་ཉེས་སྤྱོད་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

བསྡོམས་རྩིས་བྱས་པ་ལྟར་ན། ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གྱི་ཚུན་ལ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ལས་ཕཱ་ལེ་སི་ཐན་གྱི་མི་སོ་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སྟོང་བཞི་ལྷག་ལ་རྨས་ཕོག་ཡོད་ཟེར།