ཁྲའོ་ཞན་གྱིས་ཉིང་རྡུལ་འཕུར་མདའི་ཚོད་ལྟ་སྤེལ་མཚམས་བཞག་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགའ་བསུ་ཞུས།
2018.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 2

 ཁྲའོ་ཞན་གྱིས་ཉིང་རྡུལ་འཕུར་མདའི་ཚོད་ལྟ་སྤེལ་མཚམས་བཞག་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགའ་བསུ་ཞུས་པ་དང་། ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་དམིགས་འདུན་དེ་བཟང་ཕྱོགས་སུ་གོམ་སྟབས་སྤོས།

ཁྲའོ་ཞན་གྱིས་ཉིང་རྡུལ་འཕུར་མདའི་ཚོད་ལྟ་དང་གླིང་བར་གྱི་འཕུར་ལམ་འཕུར་མདའི་ཚོད་ལྟ་སྤེལ་མཚམས་འཇོག་རྒྱུ་ཡིན་ཞེས་བསྒྲགས་རྗེས། ཧན་གོ་དང་ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཀྱིས་སྔ་གཞུག་ཏུ་དགའ་བསུ་ཞུས་པར་མ་ཟད། མུ་མཐུད་དུ་རོགས་ལས་བྱས་ཏེ་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བར་བརྩོན་ལེན་བྱེད་འདོད་ཡོད་པའི་ཚུལ་བསྟན།

དབྱེ་ཞིབ་མི་སྣས་བལྟས་ན། ཁྲའོ་ཞན་ཕྱོགས་ཀྱིས་ཉིང་རྡུལ་འཕུར་མདའི་ཚོད་ལྟ་སྤེལ་མཚམས་འཇོག་རྒྱུ་ཐག་བཅད་པ་དེས་ཕྱེད་གླིང་གི་གནས་བབ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་གསལ་དུ་གྱུར་མོད། ཡིན་ནའང་དེ་དང་མཉམ་དུ། ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་བྱ་བ་དེ་གོམ་སྟབས་གཅིག་གིས་འགྲུབ་མི་ཐུབ་པས། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱེད་དགོས་པར་འདོད།

ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡིས་ཚེས་ཉེར་གཅིག་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱི་ཐག་གཅོད་དེ་ནི་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བར་མཚོན་ན་ཧ་ཅང་དོན་སྙིང་ལྡན་པའི་འཕེལ་རིམ་ཡིན་ལ།འཛམ་གླིང་གི་རེ་སྒུག་དང་ཡང་མཐུན། ཐག་གཅོད་དེས་མི་འགྱང་བར་བསྡུ་རྒྱུ་ཡིན་པའི་ཁྲའོ་ཞན་དང་ཧན་གོའི་མགོ་གཙོའི་ཐུག་འཕྲད་དང་། ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་གཙོའི་ཐུག་འཕྲད་ལ་ཁོར་ཡུག་ཧ་ཅང་བཟང་པོ་བསྐྲུན་ཐུབ་ཟེར།

དེའི་ཐད་ནས་ཀུན་གྱི་སྔོན་ལ་རྣམ་འགྱུར་བསྟན་ནས་ཁྲའོ་ཞན་ཕྱོགས་ཀྱིས་ཉིང་རྡུལ་འཕུར་མདའི་ཚོད་ལྟ་སྤེལ་མཚམས་བཞག་པ་ནི་འཕེལ་རིམ་གལ་ཆེན་ཞིག་རེད་ཅེས་བཤད་པའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་སྤྱི་ཚོགས་སྨྱན་བྱད་བརྒྱུད་དེ་བཤད་རྒྱུར། ཁྲའོ་ཞན་གྱི་གནད་དོན་ཐག་གཅོད་པར་ད་དུང་དུས་ཚོད་དགོས་པ་དང་མཇུག་འབྲས་ཡང་ད་དུང་གཏན་ཁེལ་བྱེད་དཀའ་ཟེར། ནུབ་ཕྱོགས་སྨྱན་བྱད་ཀྱིས་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་ཤིག་གི་སྐད་ཆ་དྲངས་ནས་བཤད་རྒྱུར། ཨ་མེ་རི་ཁས་མུ་མཐུད་དུ་ཁྲའོ་ཞན་ལ་གནོན་ཤུགས་ཆེན་པོ་སྟེར་རྒྱུ་ཡིན་ལ། ཁྲའོ་ཞན་གྱིས་ཉིང་རྡུལ་མཚོན་ཆ་བསྐྱུར་རག་བར་དུ་གནོན་ཤུགས་སྟེར་མཚམས་འཇོག་མི་སྲིད་ཟེར།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཕྱི་འབྲེལ་དཔོན་པོའི་ཚོགས་འདུ་ཚེས་ཉེར་གཉིས་ཉིན་ཁ་ན་ཏའི་ཏོ་ལུན་ཏོ་ནས་ཚོགས་མགོ་བརྩམས། ཐུན་མོང་གསར་འགྱུར་ཁང་གིས་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལང་གི་སྐད་ཆ་དྲངས་ནས་བཤད་རྒྱུར། འཇར་པན་ཕྱོགས་ཀྱིས་ཕྱི་འབྲེལ་དཔོན་པོའི་ཚོགས་འདུའི་སྣེ་ཁྲིད་ནས་ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་ཐད་ནས་གྲོས་མོལ་བྱས་པ་དང་། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་མུ་མཐུད་དུ་གནོན་ཤུགས་བྱིན་ནས། ཁྲའོ་ཞན་ལ་འགུལ་སྐྱོད་ཞིབ་ཅིང་ཕྲ་བ་ལག་བསྟར་བྱེད་དུ་འཇུག་རྒྱུ་ཡིན་ཟེར།

དབྱེ་ཞིབ་མི་སྣས་བལྟས་ན། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་འཕེལ་རྒྱས་ལ་རྣམ་པ་བཟང་པོ་བྱུང་ཡོད་མོད། ཡིན་ནའང་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དེ་གོམ་སྟབས་གཅིག་གིས་འགྲུབ་མི་སྲིད་པས འབྲེལ་ཡོད་ཕྱོགས་སོ་སོས་འབད་བརྩོན་བྱེད་དགོས་པར་སྙམ།

ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་གོ་ལ་ཡོངས་ཀྱི་འཐབ་ཇུས་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་གཞོན་པ་ཝང་ཅུན་ཧྲིན་གྱིས་བསྟན་དོན། ཁྲའོ་ཞན་གྱི་རྣམ་འགྱུར་དེས་ཕྱེད་གླིང་གི་མི་འགྱང་བའི་སྔོན་གྱི་ཛ་དྲག་གི་འགལ་བ་དེ་རིགས་ཡང་བསྐྱར་མི་འབྱུང་བར་ཁག་ཐེག་བྱས་ཡོད་ལ དེ་ནི་ཕྱེད་གླིང་གི་གནས་བབ་ལ་མཚོན་ན་དཀྱོགས་མཚམས་རང་བཞིན་གྱི་དོན་སྙིང་ལྡན་པ་ཞིག་རེད། ཁྲའོ་ཞན་གྱི་བྱེད་ཐབས་གསར་པ་དེས་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བར་རྨང་གཞི་བཟང་པོ་བཏིངས་ཡོད་ཟེར།

ཝང་ཅུན་ཧྲིན་གྱིས་ད་དུང་བཤད་རྒྱུར། ཁྲའོ་ཞན་གྱིས་ཉིང་རྡུལ་འཕུར་མདའི་ཚོད་ལྟ་སྤེལ་མཚམས་བཞག་པ་ཡིན་ཞེས་བསྒྲགས་པ་དེ་དང་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་བར་དུ་ད་དུང་བར་ཐག་ཅུང་རིང་པོ་ཡོད་ཟེར།

ཕྱོགས་གཞན་ཞིག་ནས་བཤད་ན། ཨ་མེ་རི་ཁ་དང་འཇར་པན། ཧན་གོ་སོས་རྒྱལ་ཁབ་ཀྱིས་ཁྲའོ་ཞན་གྱི་རྒྱུན་ལྡན་གྱི་བདེ་འཇགས་སེམས་ཁུར་ལ་ལན་སྤྲོད་པའི་གྲ་སྒྲིག་བཟང་པོ་བྱས་ཡོད་མེད་དེ་ཡང་དོ་སྣང་བྱེད་དགོས་པ་ཞིག་རེད། མཇུག་མཐར་ཉིང་རྡུ་མཚོན་ཆ་མེད་པར་གཏོང་བའི་བརྒྱུད་རིམ་ཁྲོད་དུ། ཁྲའོ་ཞན་གྱིས་ཀྱང་ཨ་མེ་རི་ཁས་དེ་བསྟུན་གྱི་ལན་སྟེར་བར་རེ་སྒུག་བྱས་ཡོད། དེའི་ཐད་ནས་ཨ་མེ་རི་ཁས་གྲ་སྒྲིག་བཟང་པོ་བྱས་ཡོད་མེད་དེ་ད་དུང་བཤད་དཀའ།

ཁྲའོ་ཞན་གྱིས་ཉིང་རྡུལ་མཚོན་ཆའི་ཚོད་ལྟ་དང་གླིང་བར་གྱི་འཕུར་ལམ་འཕུར་མདའི་ཚོད་ལྟ་སྤེལ་མཚམས་བཞག་པ་དེ་ཕྱེད་གླིང་གི་གནས་བབ་སྔར་ལས་ཞི་འཇགས་སུ་བཏང་ནས། ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དང་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པར་ཕན་པ་ཡོད། ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དང་ས་ཁུལ་རང་གི་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པ་དེ། ཕྱེད་གླིང་དང་ས་ཁུལ་དེའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་འདོད་དང་ཡང་མཐུན།

ཁྲའོ་ཞན་དང་ཨ་མེ་རི་ཁ་སོགས་འབྲེལ་ཡོད་ཕྱོགས་སོ་སོ་ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་མཇུག་མཐར་ཐག་གཅོད་པའི་ཐད་ནས་གོམ་སྟབས་གལ་ཆེན་སྤོས་ཡོད་ལ། དོན་དངོས་སྟེང་ཀྲུང་གོས་དོ་སྔོན་བཏོན་པའི་གནས་སྐབས་སུ་མཚམས་འཇོག་པ་གཉིས་ཀྱི་གྲོས་གཞི་མངོན་འགྱུར་བྱས་ཡོད།

རྗེས་ཕྱོགས་ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་དེ་ཇི་ལྟར་ཆ་ཚང་བ་དང་ལུགས་མཐུན་ཡིན་པ། དྲང་གཞག་བཅས་ཀྱི་སྒོ་ནས་ཐག་གཅོད་པར་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱེད་དགོས། ཁྲའོ་ཞན་གྱིས་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་དམིགས་འབེན་ཆེད་དུ་འབད་བརྩོན་བྱེད་པ་དང་མཉམ་དུ། ཨ་མེ་རི་ཁས་ཀྱང་ཁྲའོ་ཞན་གྱི་བདེ་འཇགས་ཐད་ཀྱི་སེམས་ཁུར་ཐག་བཅད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རིམ་བཞིན་རྒྱུན་ལྡན་དུ་བཏང་ནས། མཇུག་མཐར་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱེད་པ་དང་དངོས་སུ་འགུལ་སྐྱོད་སྤེལ་ན། ད་གཟོད་ཕྱེད་གླིང་གི་ཡུན་རིང་ཞི་བདེ་དང་ཐུན་མོང་འཕེལ་རྒྱས་དངོས་སུ་མངོན་འགྱུར་བྱེད་ཐུབ།