སི་རི་ཡའི་སྲིད་གཞུང་དམག་གིས་རྒྱལ་སའི་འདབས་རོལ་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྐྱོད་རྩ་འཛུགས་ཀྱི་གནས་གཞི་ལ་རྒོལ་རྡུང་བྱས།
2018.04.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 2

 སི་རི་ཡའི་སྲིད་གཞུང་དམག་གིས་ཚེས་ཉེར་གཉིས་ཉིན་མུ་མཐུད་དུ་འཐབ་འཛིང་གནམ་གྲུ་དང་སྒྱོགས་ཆེན་བཀོལ་ནས། རྒྱལ་ས་ཏཱ་མ་སི་ཁོའི་ལྷོ་འདབས་ཀྱི་ཐལ་སྤྱོད་རྩ་འཛུགས་ཀྱི་གནས་གཞི་ལ་རྒོལ་རྡུང་བྱས། སི་རི་ཡའི་དཔོན་ཕྱོགས་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཉིན་འགའི་རིང་ལ་སྤེལ་བའི་དམག་དོན་འགུལ་སྐྱོད་ཀྱི་དམིགས་ཡུལ་ནི་ས་དེའི་འཇིགས་སྐུལ་མི་སྣ་གཙང་སེལ་བྱེད་རྒྱུ་དེ་ཡིན་ཟེར།

ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དང་རྒྱབ་སྐྱོར་འཐབ་ཕྱོགས་ཞེས་པ་གཉིས་ཀྱི་དྲག་ཆས་མི་སྣས་ཏཱ་མ་སི་ཁོའི་ལྷོ་འདབས་ཀྱི་ཧ་ཅེ་ཨར་ཨེ་སི་ཝོ་ཏི་གྲོང་རྡལ་དང་དེའི་ཉེ་འདབས་ས་ཁུལ་ལ་ཚོད་འཛིན་བྱས་ཡོད། སི་རི་ཡའི་མཁའ་དམག་གིས་ཚེས་བཅུ་དགུ་ཉིན་ནས་བཟུང་བསྟུད་མར་གནས་གཞི་དེ་དག་ལ་བར་སྣང་ནས་རྒོལ་རྡུང་བྱས།

སི་རི་ཡའི་གསར་གྱུར་ཁང་གིས་བསྒྲགས་པ་ལྟར་ན། སི་རི་ཡའི་སྲིད་གཞུང་དམག་གིས་ཚེས་ཉེར་གཉིས་ཉིན་ཧ་ཅེ་ཨར་ཨེ་སི་ཝོ་ཏི་གྲོང་རྡལ་གྱི་འཇིགས་སྐུལ་མི་སྣའི་བསྐུངས་ས་དང་སྒར་སར་བར་སྣང་ནས་རྒོལ་རྡུང་བྱས་པ་དང་། སྒྱོགས་ཆེན་དང་མེ་ཤུགས་འཕུར་མདའ་མང་པོ་འཕངས། སྲིད་གཞུང་དམག་གིས་ཕྱོགས་འགའ་ནས་རྒོལ་རྡུང་བྱས་ཏེ། འཇིགས་སྐུལ་མི་སྣའི་མཚོན་ཆའི་མཛོད་ཁང་བརླགས་པ་དང་། ས་དེར་ཚོད་འཛིན་བྱེད་པའི་རྒྱ་ཇེ་ཆེར་བཏང་ཟེར།
སི་རི་ཡའི་གསར་འགྱུར་ཁང་གིས་བཤད་རྒྱུར། སྲིད་གཞུང་གི་དམག་མིས་ཚེས་ཉེར་གཅིག་ཉིན་ཧ་ཅེ་ཨར་ཨེ་སི་ཝོ་ཏི་གྲོང་རྡལ་གྱི་འཇིགས་སྐུལ་མི་སྣའི་བསྐུངས་ས་དང་མཚོན་ཆའི་མཛོད་ཁང་བརླགས་པ་དང་། ཉིན་འགའི་རིང་གི་དམག་དོན་འགུལ་སྐྱོད་ཀྱི་དམིགས་ཡུལ་ནི་ཏཱ་མ་སི་ཁོའི་ལྷོ་འདབས་ཀྱི་འཇིགས་སྐུལ་མི་སྣ་གཙང་སེལ་བྱེད་རྒྱུ་དེ་རེད་ཟེར།

སི་རི་ཡའི་གསར་འགྱུར་བརྙན་འཕྲིན་གྱི་བརྙན་རིས་ལས་མངོན་པ་ལྟར་ན། ཧ་ཅེ་ཨར་ཨེ་སི་ཝོ་ཏི་གྲོང་རྡལ་དུ་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར་དུ་སྨུག་འཐིབ་ཡོད་ལ། འཐབ་འཛིང་གནམ་གྲུ་བར་སྣང་ནས་འཕུར་བཞིན་ཡོད་པ་དང་། འགས་གཏོར་གྱི་སྒྲ་ཡང་གྲགས་བཞིན་ཡོད།

ཨ་མེ་རི་ཁའི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་མི་སྣ་བརྒྱ་ཕྲག་འགའ་ཧ་ཅེ་ཨར་ཨེ་སི་ཝོ་ཏི་གྲོང་རྡལ་དང་ཉེ་འདབས་ཀྱི་ཡེ་ཨར་མུའུ་ཁི་ཟེར་བའི་ཕ་ལེ་སི་ཐན་གྱི་ཡུལ་གྱར་པའི་སྒར་སའི་ས་ཁག་ཁ་ཤས་སུ་བསྐུངས་ཡོད། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་དེའི་འཇིགས་སྐུལ་མི་སྣ་དེ་དག་གིས་ཚེས་ཉི་ཤུ་ཉིན་སྲིད་གཞུང་བར་དུ་ཕྱིར་འཐེན་གྲོས་མཐུན་བཀོད་ན་ཡང་། ཚེས་ཉེར་གཉིས་ཉིན་བར་དུ་ད་དུང་སི་རི་ཡའི་སྡོད་གནས་གཞན་པར་ཕྱིར་འཐེན་བྱེད་མགོ་མ་བརྩམས་ཟེར།

ཧྥ་རན་སིའི་གསར་འགྱུར་ཁང་གི་བསྒྲགས་པ་ལྟར་ན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་དེའི་དྲག་ཆས་མི་སྣ་ལས་གཞན། རྒྱབ་སྐྱོར་འཐབ་ཕྱོགས་ཞེས་པ་དེའི་དྲག་ཆས་མི་སྣ་ཉུང་ཤས་ཀྱང་ཡེ་ཨར་མུའུ་ཁི་ཟེར་བའི་ཡུལ་གྱར་པའི་སྒར་ས་ན་བསྐུངས་ཡོད་པ་དང་། དེ་དག་གིས་གཟའ་འཁོར་འགའི་སྔོན་ལ་སྲིད་གཞུང་ལ་ཕྱིར་འཐེན་བྱེད་རྒྱུའི་ཁས་བླངས་མྱོང་ཟེར།

སི་རི་ཡའི་སྲིད་གཞུང་གིས་ཟླ་འདིའི་ཟླ་སྟོད་ལ་སྲིད་གཞུང་ལ་ངོ་རྒོལ་བྱེད་ཐབས་དྲག་ཆས་རྩ་འཛུགས་ཀྱི་ལག་ནས་ཏཱ་མ་སི་ཁོའི་ཤར་འདབས་ཀྱི་ཀུའུ་ཐ་ཤར་མ་ས་ཁུལ་ཡོངས་སུ་འཕྲོག་རྗེས། ལྷོ་འདབས་ཀྱི་ཐལ་སྤྱོད་རྩ་འཛུགས་ཀྱི་སྡོད་གནས་དེ་རྒྱལ་ས་ཉེ་འདབས་ཀྱི་མཇུག་མཐར་ཕྱིར་འཕྲོག་པའི་དམིགས་འབེན་དུ་གྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤར་འདབས་ཕ་ལེ་སི་ཐན་ཡུལ་གྱར་པའི་མུག་སྐྱོབ་དང་བཟོ་སྐྲུན་ཁང་གི་མགྲིན་ཚབ་པ་གུང་ནེ་སི་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཡེ་ཨར་མུའུ་ཁི་ཡུལ་གྱར་པའི་སྒར་སའི་མི་སེར་སྟོང་དྲུག་ནང་གི་མང་ཆེ་ཤོས་འདས་པའི་ཉིན་བཞིའི་དམག་འཁྲུག་ཁྲོད་ནས་ཉེ་འདབས་ཀྱི་ས་ཁུལ་གཞན་དག་ལ་མི་འབྲོ་ཐབས་མེད་བྱུང་བ་དང་། མི་མང་ཆེ་ཤོས་ཀྱིས་གནས་གཞན་ལ་འབྲོ་སྐབས་ལྭ་བ་མ་གཏོགས་བཟུང་མེད་པས། ཁོ་ཚོར་རོགས་སྐྱོར་ཧ་ཅང་མཁོ་ཟེར།

གུང་ནེ་སི་ཡིས་བཤད་རྒྱུར། ཡེ་ཨར་མུའུ་ཁི་ཡུལ་གྱར་པའི་སྒར་སའི་ཆེས་མཇུག་མཐའི་སྨན་ཁང་ཡང་འཁོར་སྐྱོད་བྱེད་མ་ཐུབ་པར་ཡོད་ཟེར། ཁོས་དམག་འཁྲུག་རྒྱག་པའི་ཕྱོགས་སོ་སོས་མི་སེར་བདེ་འཇགས་ངང་ཕྱིར་འཐེན་བྱེད་དུ་འཇུག་པ་དང་། ནད་པ་དང་རྨས་མ་རྣམས་གནས་གཞན་ལ་སྤོར་དུ་འཇུག་རྒྱུ་མ་ཟད། རོགས་སྐྱོབ་མི་སྣས་ཡུལ་གྱར་པ་དེ་དག་ལ་ཟས་རིགས་དང་སྨན་སྟེར་དུ་འཇུག་རྒྱུའི་འབོད་སྐུལ་བཏང་།

ཏཱ་མ་སི་ཁོའི་ཉེན་རྟོག་ཕྱོགས་ཀྱི་དཔོན་རིགས་ཤིག་གིས་སི་རི་ཡའི་གསར་འགྱུར་ཁང་ལ་བཤད་རྒྱུར། ཏཱ་མ་སི་ཁོའི་ལྷོ་འདབས་སུ་ཡོད་པའི་འཇིགས་སྐུལ་མི་སྣས་ཚེས་ཉེར་གཉིས་ཉིན་ཏཱ་མ་སི་ཁོའི་ཀི་ཏི་མིན་ས་ཁུལ་དང་ཅ་ཏ་མུའུ་ས་ཁུལ་ལ་སྒྱོགས་མདེལ་མང་པོ་འཕངས་ནས། མི་སེར་བཅུ་གཉིས་རྨས་ཟེར།