མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་དངུལ་རྩ་གླེང་སྟེགས་ཀྱིས་ཐོན་ཁུངས་ཀྱི་སྒྲིག་བཀོད་ལེགས་སྒྱུར་བྱས་ཏེ་རྒྱུན་སྲིང་འཕེལ་རྒྱས་མངོན་འགྱུར་བྱེད་པར་གྲོས་སྡུར་བྱེད་རྒྱུ་རེད།
2018.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

 ཚོགས་ཡུན་ཉིན་བཞི་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་དངུལ་རྩ་གླེང་སྟེགས་སྐབས་གསུམ་པ་ཚེས་ཉེར་གསུམ་ཉིན་ཉིག་ཡའོ་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལས་ཁུངས་ནས་ཚོགས་མགོ་བརྩམས། གྲོས་ཚོགས་ནས་གཙོ་བོ་ཐོན་ཁུངས་ཇི་ལྟར་ནུས་ལྡན་གྱིས་བཀོལ་སྤྱོད་དང་སྒྲིག་བཀོད་བྱས་ཏེ། ཉིས་སྟོང་སུམ་ཅུ་ལོའི་གྲོས་རིམ་ཁྲོད་ཀྱི་རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་འབེན་བཅུ་བདུན་མངོན་འགྱུར་བྱེད་པར་གྲོས་སྡུར་བྱེད་རྒྱུ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་བརྙན་རིས་བརྒྱུད་དེ་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ནོར་སྲིད་ཐོན་ཁུངས་བཀོལ་སྤྱོད་ནི་མིའི་རིགས་ཀྱི་བདེ་སྐྱིད་ལ་ཡར་སྐུལ་བྱེད་པ་དང་རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཧ་ཅང་གལ་ཆེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངེས་པར་དུ་དཔོན་ཕྱོགས་འཕེལ་རྒྱས་རོགས་སྐྱོབ་ཀྱི་དམ་བཅའ་རྒྱུན་འཁྱོངས་བྱེད་དགོས་པ་དང་མཉམ་དུ། ལས་སྐྲུན་དང་དོན་དངོས་ཀྱི་རང་དབང་དང་འདྲ་མཉམ་གྱི་ཉོ་འཚོང་ལ་ཡར་སྐུལ་བྱེད་དགོས་པ་མ་ཟད། དཔྱ་ཁྲལ་བཅོས་སྒྱུར་དང་བཅོས་སྐྱོང་བཟང་པོར་ཁག་ཐེག་བྱས་ཏེ་རྒྱལ་ཁབ་རིམ་པའི་ཐོན་ཁུངས་སྒྲིག་བཀོད་རྒྱ་བསྐྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་དུང་ནག་དངུལ་དཀར་སྒྱུར་དང་ཁྲལ་བྱོལ་སོགས་ཀྱི་བྱ་སྤྱོད་དང་ཁྲིམས་འགལ་གྱི་མ་དངུལ་འཁོར་སྐྱོད་ལ་ཧུར་་ཐག་གིས་རྒོལ་རྡུང་བྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མེན་ནཱ་མུའུ་ཧན་མཱོ་ཏི་ཡིས་ཚོགས་འདུའི་སྟེང་ཉིས་སྟོང་སུམ་ཅུ་ལོའི་གྲོས་རིམ་གྱི་མཉམ་འབྲེལ་ཐེབས་རྩ་བཀོལ་སྤྱོད་བྱས་ཏེ། རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་འབེན་ལ་གསར་སྐྲུན་དངུལ་གཏོང་བྱེད་པར་སྐུལ་མ་གཏོང་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཐེབས་རྩ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་ཚོགས་པས་བཙུགས་པ་ཡིན་ལ། དམིགས་ཡུལ་ནི་རྒྱལ་ཁབ་རིམ་པ་ནས་གྲོགས་པོའི་འབྲེལ་བ་འཛུགས་པ་དང་གསར་སྐྲུན་དང་སྲིད་ཇུས་ཀྱི་གཅིག་གྱུར་རང་བཞིན་ལ་ཡར་སྐུལ་བྱེད་རྒྱུ་དེ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་འགན་འཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལིའུ་ཀྲིན་མེན་གྱིས་སྒེར་གཉེར་ཁྱབ་ཁོངས་ཀྱི་རྒྱུན་སྲིང་འཕེལ་རྒྱས་དམིགས་འབེན་གྱིས་དངུལ་བསྡུའི་བརྒྱུད་རིམ་ཁྲོད་དུ་ཐོན་པའི་ནུས་པ་གལ་ཆེན་ནན་གྱིས་བསྟན། ཁོས་རྒྱུན་སྲིང་འཕེལ་རྒྱས་དམིགས་འབེན་ལ་མ་དངུལ་གཏོང་ན་སྒེར་གཉེར་སྡེ་ཁག་དང་སྤྱི་ཐུན་སྡེ་ཁག་བར་དུ་མཉམ་ལས་བྱེད་དགོས་པ་དང་། གླེང་སྟེགས་འདི་བསྡུ་བའི་དམིགས་ཡུལ་ནི་དེ་འདྲའི་མཉམ་ལས་ལ་ཡར་སྐུལ་བྱེད་རྒྱུ་མ་ཟད་གོ་ལ་ཧྲིལ་བོའི་མཉམ་ལས་སྟེགས་བུ་འཛུགས་རྒྱུ་དེ་རེད་ཅེས་བཤད།