མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིས་ཕྱི་འབྲེལ་གྲོས་མོལ་ནི་རྩོད་གཞི་མི་འབྱུང་བར་བྱེད་པའི་ཡང་དག་གི་ཐབས་ལམ་ཉག་ཅིག་ཡིན་ཞེས་བཤད།
2018.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

 མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་གཉིས་པའི་ཀྲུའུ་ཞི་ལའེ་ཆ་ཁི་ཡིས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། མཉམ་འབྲེལ་རྒྱལ་ཚོགས་ནི་ཕྱོགས་མང་རིང་ལུགས་ཀྱི་སྒར་ས་ཆེན་པོ་ཡིན་འོས་ལ། ཕྱི་འབྲེལ་གྲོས་མོལ་ནི་རྩོད་གཞི་མི་འབྱུང་བར་བྱེད་པའི་ཡང་དག་གི་ཐབས་ལམ་ཉག་ཅིག་ཡིན་ཞེས་བཤད། ཁོས་དེ་དང་མཉམ་དུ་ཀྲུང་གོ་ནི་འཛམ་གླིང་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན་ཞེས་གཟེངས་བསྟོད་བྱས།

ལའེ་ཆ་ཁི་ཡིས་ཟླ་འདིའི་ཚེས་ཉེར་བཞི་དང་ཉེར་ལྔ་ཉིན་གཉིས་ལ་མཉམ་འབྲེལ་རྒྱལ་ཚོགས་ནས་བསྡུས་པའི་ཞི་བདེ་འཛུགས་སྐྲུན་དང་རྒྱུན་སྲིང་ཞི་བདེའི་མཐོ་རིམ་གྲོས་ཚོགས་ལ་མགོ་འཛིན་བྱས། ཁོས་ཚོགས་འདུའི་སྔོན་ལ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ནི་ཕྱོགས་མང་རིང་ལུགས་ཀྱི་སྒར་ས་ཆེན་པོ་ཡིན་འོས་ལ། དོན་ཆེན་ཡོད་ཚད་ཐད་ཀྱི་ལྟ་བ་མི་འདྲ་བ་རྣམས་ལ་ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ནས་གྲོས་སྡུར་གང་ལེགས་བྱེད་དགོས་པ་ལས། འགྲིག་མ་འགྲིག་ཙམ་གྱིས་ཕན་ཚུན་ཁ་གཏད་དུ་ལངས་ནས་འཁྲུག་རྩོད་བྱེད་མི་རུང་ཟེར།

ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་པ་དང་། སྒྲིག་སྲོལ་དང་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྒྲིག་སྲོལ་གྱི་མདུན་དུ་རྒྱལ་ཁབ་ཆེ་ཆུང་གང་ཡིན་རུང་ཚང་མ་འདྲ་མཉམ་ཡིན་པའི་མ་ལག་ཅིག་འཛུགས་འདོད་ཡོད། རྒྱུ་མཚན་ནི་དེ་ནི་རྩོད་གཞི་མི་འབྱུང་བར་བྱེད་པའི་ཡང་དག་གི་ཐབས་ལམ་ཉག་ཅིག་ཡིན་ཟེར།

ལའེ་ཆ་ཁི་ཡིས་བཤད་རྒྱུར། ཁོས་ཐེངས་འདིའི་ཞི་བདེའི་གྲོས་ཚོགས་ལ་རེ་སྒུག་ཆེན་པོ་བྱས་ཡོད་པ་དང་། གྲོས་ཚོགས་སྟེང་ཁོས་ཧ་ཅང་དོ་སྣང་བྱེད་པའི་རྩོད་གཞི་སྔོན་འགོག་གི་གནད་དོན་ལ་གྲོས་སྡུར་བྱེད་རྒྱུ་རེད་ཟེར།

ཁོས་བཤད་རྒྱུར། ང་ཚོའི་འཇིག་རྟེན་འདི་ད་ལྟ་ད་དུང་བདེ་འཇགས་དང་གཏན་འཇགས་ཀྱི་འཇིག་རྟེན་ཞིག་མིན། ཡིད་ཕངས་པ་ཞིག་ལ་མི་རྣམས་ཀྱིས་རྒྱུན་དུ་རྩོད་གཞི་བྱུང་རྗེས་ཉེན་ཁ་ཐག་གཅོད་པའི་ཐབས་ཤེས་འཚོལ་བ་ལས། རྩོད་གཞི་ཇི་ལྟར་སྔོན་འགོག་བྱེད་པའི་ཐད་ནུས་ཤུགས་གཙོ་བོ་འདོན་བཞིན་མེད་ཟེར། ཁོས་རྩོད་གཞི་སྔོན་འགོག་བྱས་ན་ཚེ་སྲོག་སྐྱོབ་ཐུབ་པ་དང་། ཨ་སྒོར་དུང་ཕྱུར་བཅུ་ཕྲག་འགའི་དཔལ་འབྱོར་གྱི་གྱོང་གུད་སེལ་ཐུབ་ཅེས་ནན་གྱིས་བཤད།

ལོ་སུམ་ཅུའི་ཕྱི་འབྲེལ་གྱི་ཉམས་མྱོང་ལྡན་པའི་ལའེ་ཆ་ཁི་ཡིས་བལྟས་ན། ཕྱི་འབྲེལ་གྱི་ཆེས་གལ་ཆེ་བའི་ལས་འགན་ནི་རྩོད་གཞི་མི་འབྱུང་བར་བྱེད་རྒྱུ་དེ་ཡིན་ལ། རྩོད་གཞི་ནི་ཞག་གཅིག་ལ་གློ་བུར་དུ་འབྱུང་བ་ཞིག་ཡིན་པ་དང་། རྩོད་གཞི་གང་ཡིན་རུང་མ་བྱུང་བའི་སྔོན་ལ་འབྱུང་ཉེན་གྱི་རྟགས་ཁ་ཤས་ཡོད་སྲིད། དུས་ནམ་ཡིན་རུང་རྩོད་གཞི་བྱུང་རྗེས་ང་ཚོས་ཐོག་མར་མཉམ་དུ་དེར་གྲོས་མོལ་བྱེད་དགོས་ཟེར།

ལའེ་ཆ་ཁི་ཡིས་ད་དུང་བཤད་རྒྱུར། ཀྲུང་གོ་དང་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན། ལྷག་པར་དུ་ཞི་བདེ་ལ་སྲུང་སྐྱོབ་བྱས་ཏེ་རྩོད་གཞི་མི་འབྱུང་བར་བྱེད་པའི་ཐད་ནས། ཀྲུང་གོས་སྔར་ལས་གལ་ཆེ་བའི་ནུས་པ་འདོན་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ཁུར་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོ་ནི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཐད་དམག་མི་མངགས་པ་དང་མ་དངུལ་བཏང་བའི་རྒྱལ་ཁབ་གཙོ་བོར་གྱུར་ཡོད་ལ། ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་ཤུགས་སྣོན་བྱེད་པའི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད་ཟེར།