དབྱི་རག་གིས་མུ་མཐུད་དུ་སི་རི་ཡའི་མངའ་ཁོངས་ཀྱི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དམིགས་འབེན་ལ་བར་སྣང་ནས་རྒོལ་རྡུང་བྱེད་རྒྱུ་རེད།
2018.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

 དབྱི་རག་གི་ཙུང་ལི་ཨ་པ་ཏིས་ཀྱིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། དབྱི་རག་གི་འཐབ་འཛིང་གནམ་གྲུས་མུ་མཐུད་དུ་སི་རི་ཡའི་མངའ་ཁོངས་ཀྱི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྟེན་གཞི་དང་བཀོད་འདོམས་ཁང་སོགས་དམིགས་འབེན་ལ་བར་སྣང་ནས་རྒོལ་རྡུང་བྱེད་རྒྱུ་ཡིན་མོད། འོན་ཀྱང་དབྱི་རག་གིས་སི་རི་ཡའི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་སྲིད་ཟེར།

ཨ་པ་ཏིས་ཀྱིས་གཟའ་འཁོར་རེའི་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་དང་སི་རི་ཡ་ནས་ཕམ་ཁ་ཆེན་པོ་མྱངས་ན་ཡང་། སི་རི་ཡའི་རྙོག་འཛིང་གི་གནས་བབ་དང་བསྟུད་མར་འབྱུང་བཞིན་པའི་འཐབ་འཁྲུག་གིས་རྩ་འཛུགས་དེར་དབུགས་ལེན་པའི་གོ་སྐབས་བྱིན་པས། ཉེ་སྔོན་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་སི་རི་ཡའི་ཤར་ཕྱོགས་ས་ཁུལ་ནས་སྤེལ་བྱ་འགུལ་ཇེ་མང་དུ་འགྲོ་བཞིན་ཡོད། དབྱི་རག་གིས་མུ་མཐུད་དུ་སི་རི་ཡའི་མངའ་ཁོངས་ཀྱི་དམིགས་འབེན་དེ་དག་ལ་བར་སྣང་ནས་རྒོལ་རྡུང་བྱས་ཏེ། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་རྩ་མེད་དུ་གཏོང་བར་འབད་བརྩོན་བྱེད་རྒྱུ་ཡིན་པ་དང་། རྩ་འཛུགས་དེའི་ནུས་པ་སླར་གསོ་གཏན་ནས་བྱེད་དུ་མི་འཇུག་ཟེར།

ཨ་པ་ཏིས་ཀྱིས་དེ་དང་མཉམ་དུ་ནན་གྱིས་བསྟན་དོན། དབྱི་རག་གིས་སི་རི་ཡའི་མངའ་ཁོངས་ནས་བར་སྣང་རྒོལ་རྡུང་གི་འགུལ་སྐྱོད་སྤེལ་བ་ནི་སི་རི་ཡའི་དོན་དག་ལ་ཐེ་གཏོགས་བྱེད་པ་མིན་ཏེ། སི་རི་ཡའི་མིའི་ལས་དབང་རང་གིས་ཐག་གཅོད་དགོས་ཟེར།

ཟླ་འདིའི་ཚེས་བཅུ་དགུ་ཉིན། ཨ་པ་སི་ཡིས་དབྱི་རག་མཁའ་དམག་གི་འཐབ་འཛིང་གནམ་གྲུས་དབྱི་རག་དང་སི་རི་ཡའི་མཐའ་མཚམས་ཀྱི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་གནས་གཞི་ལ་བར་སྣང་ནས་རྒོལ་རྡུང་བྱེད་རྒྱུའི་བཀའ་བབས། འགུལ་སྐྱོད་དེའི་ཁྲོད་ནས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་མགོ་པ་ལྔ་དང་བཅས་པའི་དྲག་ཆས་མི་སྣ་སོ་དྲུག་བསད།

དབྱི་རག་གི་ཨན་པ་ཨར་ཞིང་ཆེན་དང་། ཉི་ཉི་ཝེ་ཞིང་ཆེན་གྱི་སི་རི་ཡའི་ཤར་ཕྱོགས་ཀྱི་འབྲེལ་མཚམས་སུ། རྒྱལ་ཁབ་གཉིས་བར་དུ་སྤྱི་ལེ་དྲུག་བརྒྱ་ཙམ་གྱི་མཐའ་མཚམས་ཀྱི་རྟགས་ཡོད་ལ། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣས་རྒྱུན་དུ་ས་དེ་རུ་བྱ་འགུལ་སྤེལ་བཞིན་ཡོད། ན་ནིང་གི་ཟླ་བཅུ་གཉིས་པ་ནས་བཟུང་། དབྱི་རག་སྲིད་གཞུང་གིས་མཐའ་མཚམས་ཀྱི་ཚོད་འཛིན་ལ་རིམ་བཞིན་ཤུགས་བསྣན་པ་རེད།