རྒྱལ་ཁབ་བདུན་གྱི་ཚོགས་པའི་ཕྱི་འབྲེལ་དཔོན་པོས་ཆབ་སྲིད་དཔལ་འབྱོར་དང་བདེ་འཇགས་ཐད་ཀྱི་འགྲན་རྩོད་གལ་ཆེན་ལ་མཉམ་དུ་ཁ་གཏད་འཇལ་རྒྱུ་ཡིན་ཞེས་བསྟན།
2018.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

 རྒྱལ་ཁབ་བདུན་གྱི་ཚོགས་པའི་ཕྱི་འབྲེལ་དཔོན་པོས་ཚེས་ཉེར་གསུམ་ཉིན་ཁ་ན་ཏའི་ཏོ་ལུན་ཏོ་ནས་བསྟན་དོན། རྒྱལ་ཁབ་བདུན་གྱི་ཚོགས་པས་ཉོ་འཚོང་དང་བཅས་པའི་ཚད་གཞི་ལྡན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱས་ཏེ། ཆབ་སྲིད་དཔལ་འབྱོར་དང་བདེ་འཇགས་ཐད་ཀྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་རྒྱུའི་དམ་བཅའ་བཞག་ཡོད་ཟེར།

ཁ་ན་ཏའི་ཕྱི་འབྲེལ་དཔོན་པོ་ཧྥོ་ལེ་ལན་གྱིས་རྒྱལ་ཁབ་བདུན་གྱི་ཚོགས་པའི་ཕྱི་འབྲེལ་དཔོན་པོའི་གྲོས་ཚོགས་ཀྱི་རྗེས་སུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་ཚོགས་སྟེང་དུས་ཚོད་མང་ཆེ་ཤོས་ཨུ་རུ་སིའི་གནད་དོན་ལ་གྲོས་སྡུར་བྱེད་པའི་ཐད་བཀོལ་བ་ཡིན། རྒྱལ་ཁབ་བདུན་གྱི་ཚོགས་པས་མཐུན་སྒྲིལ་གཅིག་གྱུར་གྱིས་མཉམ་དུ་ཁ་གཏད་འཇལ་རྒྱུའི་ཆོད་སེམས་བཅངས་ཡོད་ཟེར། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཐད་ནས། ཧྥོ་ལེ་ལན་གྱིས་བཤད་རྒྱུར། ཞི་བདེའི་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐག་གཅོད་རྒྱུ་དེ་མེད་དུ་མི་རུང་བ་ཞིག་ཡིན། ཁ་ན་ཏས་མུ་མཐུད་དུ་དོན་དག་དེའི་འཕེལ་རིམ་ལ་དོ་སྣང་ཆེན་པོ་བྱེད་རྒྱུ་ཡིན་པར་མ་ཟད། འབྲེལ་ཡོད་རྒྱལ་ཁབ་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཚབ་མ་ཧྲ་ལེ་ཝུན་གྱིས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་ཚོགས་པས་ངེས་པར་དུ་ཁྲའོ་ཞན་ལ་དོགས་ཟོན་བྱས་ཏེ། ཁྲའོ་ཞན་གྱིས་མུ་མཐུད་དུ་ཉིང་རྡུལ་མཚོན་ཆ་དང་འཕུར་ལམ་འཕུར་མདའི་ལས་གཞི་སྤེལ་བར་མཐུན་སྒྲིལ་གཅིག་གྱུར་གྱིས་ངོ་རྒོལ་བྱེད་དགོས་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོས་ལག་བསྟར་ནན་མོ་བྱེད་དགོས། ཨ་མེ་རི་ཁས་མུ་མཐུད་དུ་ཕྱི་འབྲེལ་དང་དཔལ་འབྱོར་གྱི་གནོན་ཤུགས་བྱིན་ནས། ཁྲའོ་ཞན་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་བར་དུ་གནོན་ཤུགས་སྟེར་མཚམས་མི་འཇོག་ཟེར།

དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཡེའོ་ཧན་ཞུང་གིས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་ཚོགས་པའི་ཕྱི་འབྲེལ་དཔོན་པོས་བལྟས་ན་ཨུ་རུ་སི་ཡིས་སི་རི་ཡ་དང་ཝུའུ་ཁི་ལན་གྱི་གནས་བབ་གཏན་འཇགས་མིན་པར་བཟོས་པར་འདོད་པས། རྒྱལ་ཁབ་བདུན་གྱི་ཕྱི་འབྲེལ་དཔོན་པོས་བྱ་བའི་ཚན་ཁག་བཙུགས་ཏེ་ཨུ་རུ་སི་ལ་ལྟ་རྟོག་བྱེད་པར་ཤུགས་སྣོན་རྒྱུར་འཐད་པ་བྱུང་ཡོད་ཟེར།

དེ་ལས་གཞན་ཧྥོ་ལེ་ལན་དང་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལང་གཉིས་ཀྱིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་དམག་དོན་མཉམ་ལས་གྲོས་ཆོད་བཀོད། གྲོས་ཆོད་དེ་ལྟར་ན་རྒྱལ་ཁབ་གཉིས་ཀྱིས་ཁ་ན་ཏ་དང་འཇར་པན། ད་དུང་ས་གནས་གཞན་པ་བཅས་ཀྱི་མཉམ་འབྲེལ་དམག་སྦྱོང་ཁྲོད་དུ་སྒྲིག་ཆས་མཉམ་སྤྱོད་བྱས་ཆོག

རྒྱལ་ཁབ་བདུན་གྱི་ཚོགས་པའི་ཕྱི་འབྲེལ་དཔོན་པོ་དང་བདེ་འཇགས་དཔོན་པོའི་གྲོས་ཚོགས་ཚེས་ཉེར་གཉིས་ཉིན་ནས་ཉེར་བཞི་ཉིན་བར་ཏོ་ལུན་ཏོ་ནས་བསྡུས་ཏེ། ད་ལོའི་ཟླ་དྲུག་པར་ཁ་ན་ཏའི་ཁོས་པེ་ཁི་ནས་བསྡུ་རྒྱུ་ཡིན་པའི་རྒྱལ་ཁབ་བདུན་གྱི་ཚོགས་པའི་མཐོ་རིམ་གྲོས་ཚོགས་ལ་གྲ་སྒྲིག་བྱས། ཁ་ན་ཏའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧྥོ་ལེ་ལན་གྱིས་ཆེད་དུ་གདན་དྲངས་པ་ལྟར། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་དཔོན་པོ་ལེ་མུའུ་ཅིན་རྒྱལ་ཁབ་བདུན་གྱི་ཚོགས་པའི་ཕྱི་འབྲེལ་དཔོན་པོའི་གྲོས་ཚོགས་ལ་ཞུགས་ཟེར།