འཛམ་གླིང་ཡོངས་ཀྱི་ཞིང་ལས་གླེང་སྟེགས་ནས་གཙོ་བོ་འབྲུ་རིགས་མཁོ་འདོན་དང་རྒྱུན་མཐུད་འཕེལ་རྒྱས་ལ་གྲོས་བསྡུར་བྱས། 
2018.07.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52


ཉིས་སྟོང་བཅོ་བརྒྱད་ལོའི་འཛམ་གླིང་ཡོངས་ཀྱི་ཞིང་ལས་གླེང་སྟེགས་དེ་ཚེས་ཉེར་གསུམ་ཉིན་པཱ་ཞིའི་ཧྲིན་པའོ་ལོ་ནས་སྤེལ་མགོ་བརྩམས། གྲོས་ཚོགས་ལ་ཞུགས་པའི་མི་ཚང་མས་གཅིག་གྱུར་སྒོས་བལྟས་ན། ཞིང་ལས་དང་ཕྱུགས་ལས་དེ་ངེས་པར་དུ་ཕན་ནུས་སྔར་ལས་མཐོ་བ་དང་ཐོན་ཁུངས་ཆུད་ཟོས་སུ་གཏོང་ཚད་ཉུང་བའི་རྒྱུན་མཐུད་ཀྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་པར་འདོད། 

དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་མཉམ་དུ་རྩོམ་འབྲི་བྱས་པའི་སྙན་ཞུ་ལྟར་ན། ལོ་ཏོག་དང་ཤ་རིགས། ཉ་རིགས། འོ་ཟས་ཐོན་རྫས་མང་ཆེ་བས་ཉིས་སྟོང་བཅུ་བདུན་ལོར་ཟིན་ཐོའི་ཆུ་ཚད་བསྐྲུན་ཡོད་པ་དང་། ལོ་ཏོག་གི་གསོག་ཚད་ལོ་རྒྱུས་ཀྱི་ཆེས་མཐོའི་ཆུ་ཚད་དུ་བསླེབ་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་པཱ་ཞི་རུ་སྡོད་པའི་འགན་ཁུར་བ་པའོ་ཡཱ་ནེ་ཆི་ཡིས་བསྟན་དོན། འབྲུ་རིགས་ཀྱི་ཐོན་ཚད་བཟང་ཡང་འཛམ་གླིང་ཡོངས་ཀྱི་མི་དུང་ཕྱུར་བདུན་དང་བྱེ་བ་བདུན་ས་ཡ་བདུན་གྱིས་སྔར་བཞིན་ལྟོགས་སྐོམ་མྱོང་བཞིན་ཡོད། ཁ་གྲངས་དེ་ཉིས་སྟོང་བཅོ་ལྔ་ལོ་ནས་ཇེ་མང་དུ་སོང་ཡོད། དབུལ་ཕོངས་དང་ཞིང་ལས་དངུལ་གཏོང་མི་འདང་བ། རིན་གོང་ལ་ཇེ་མཐོར་སོང་བ། ཆུད་ཟོས་བྱེད་པ་སོགས་ནི་འཛམ་གླིང་ཡོངས་ཀྱི་ལྟོགས་སྐོམ་གནད་དོན་ཐག་གཅོད་བྱེད་པའི་བཀག་རྒྱ་གཙོ་བོ་རེད་ཟེར། 

རྒྱལ་ཁབ་དང་ས་ཁུལ་བཅུ་བདུན་ནས་ཡོང་བའི་སྲིད་ཚོང་མི་སྣ་དང་ཞིང་ལས་ཁྱབ་ཁོངས་ཀྱི་ཞིབ་འཇུག་མི་སྣ་སྟོང་གསུམ་ལྷག་སྐབས་འདིའི་གླེང་སྟེགས་ལ་ཞུགས། གླེང་སྟེགས་ནས་འཛམ་གླིང་ཡོངས་ཀྱི་ཞིང་ལས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གནད་དོན་ལ་དམིགས་ཏེ་གྲོས་བསྡུར་བྱས། དེའི་ནང་འཛམ་གླིང་ཡོངས་ཀྱི་ལྟོགས་སྐོམ་གནད་དོན་སེལ་བ་དང་། ཞིང་ལས་ཁྱབ་ཁོངས་ཀྱི་མཉམ་ལས་དང་འཛམ་གླིང་ཧྲིལ་བོ་ཅན། ཕྱོགས་མང་དང་ཕྱོགས་གཉིས་ཀྱི་གྲོས་མོལ་སོགས་གྲོས་གཞི་འདུས།