ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་མའོ་སི་ཁི་ནས་སྤེལ། 
2018.07.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45


ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་སྤྱིའི་དམག་དོན་འགྲན་སྡུར་དེ་ཚེས་ཉེར་བརྒྱད་ཉིན་མའོ་སི་ཁིའི་ཉེ་འདབས་ཀྱི་ཨ་ལཱ་པུས་ནོའུ་ལཱ་ནས་སྤེལ་མགོ་བརྩམས་པ་དང་། ཀྲུང་གོ་དང་ཨུ་རུ་སི། ཨ་སེ་པེད་ཅང་། ཧཱ་སག་སི་ཐན་སོགས་རྒྱལ་ཁབ་སོ་གསུམ་གྱི་འཐུས་ཚབ་རུ་ཁག་ཉིས་བརྒྱ་དང་བདུན་གྱིས་ཉིན་བཅོ་ལྔའི་དུས་ཡུན་ནང་རྣམ་གྲངས་ཉེར་བརྒྱད་ལ་འགྲན་རྩོད་དྲག་པོ་བྱེད་རྒྱུ་རེད། 

ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཉིན་དེར་སྤེལ་བའི་མགོ་རྩོམ་པའི་མཛད་སྒོའི་སྟེང་ཙུང་ཐུང་ཕུའུ་ཅིན་གྱི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས། འཕྲིན་ཡིག་ནང་བཤད་རྒྱུར། རྒྱལ་སྤྱིའི་དམག་དོན་འགྲན་སྡུར་གྱིས་ལོ་རེར་རྒྱལ་ཁབ་མང་བོའི་དམག་དཔུང་གི་བློ་ཁ་འགུག་བཞིན་ཡོད་པ་དང་། རྒྱལ་སྤྱིའི་རང་བཞིན་དང་སྲོལ་རྒྱུན་རང་བཞིན་ལྡན་ལ། འཐུས་ཚང་དུ་གྱུར་བའི་འགྲན་སྡུར་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་ནི་རྒྱལ་ཁབ་སོ་སོའི་འགྲན་ཞུགས་པས་ཕུལ་བྱུང་ལག་རྩལ་དང་ཚོགས་ཁག་གི་རོགས་རེས་སྙིང་སྟོབས་མཚོན་པའི་སྟེགས་བུ་ཞིག་ཡིན་པ་དང་། ཤུགས་ཆེན་པོས་རྒྱལ་ཁབ་སོ་སོའི་དམག་དོན་སྡེ་ཁག་བར་གྱི་མཉམ་ལས་བརྗེ་རེས་ལ་ཡར་སྐུལ་བཏང་སྟེ་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་བཏང་ཡོད་ཟེར། 

མགོ་རྩོམ་པའི་མཛད་སྒོའི་རྗེས་སུ། ཨུ་རུ་སིའི་རྐང་དམག་གི་འཐབ་འཛིང་རླངས་འཁོར་དང་ཐན་ཁི་འཁོར་ལོ། དྲག་ཆས་གྱེན་འཕུར་གནམ་གྲུ་སོགས་གཙོ་ཤུགས་སྒྲིག་ཆས་ཀྱིས་ཨ་ལཱ་པུས་ནོའུ་མདའ་འཕེན་ར་བ་ནས་གཏོང་འཕེན་འཁྲབ་སྟོན་བྱས། སྲོལ་རྒྱུན་གྱི་རྣམ་གྲངས་གཙོ་བོ་ཐན་ཁིའི་བཀག་བརྒལ་དང་གཏོང་འཕེན་གྱི་རྣམ་གྲངས་ཐོག་མར་འགྲན་སྡུར་བྱེད་མགོ་བརྩམས། ཐོག་མའི་འགྲན་སྡུར་དེ་ཀྲུང་གོ་དང་ཝུ་ཀན་ཏཱ། ཧཱ་སག་སི་ཐན། ཁི་ཝེ་ཐི་བཅས་ཀྱི་བར་དུ་སྤེལ་བ་རེད། 

རྒྱལ་སྤྱིའི་དམག་དོན་འགྲན་སྡུར་ནི་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་རྒྱལ་སྤྱིའི་རང་བཞིན་གྱི་དམག་དོན་འགྲན་སྡུར་ཞིག་ཡིན་པ་དང་། ད་ལོའི་འགྲན་སྡུར་དེ་རྒྱལ་ཁབ་བདུན་ནས་སྤེལ་རྒྱུ་རེད། ཨུ་རུ་སིའི་མངའ་ཁོངས་སུ་སྤེལ་བ་ནི་ཐན་ཁིའི་རྣམ་གྲངས་གཉིས་དང་མྱུལ་ཞིབ་ཕུལ་བྱུང་དམག་མི་སོགས་རྣམ་གྲངས་བཅུ་བདུན་ཡོད་པ་རེད།